བོད་མི་ཞིག་གི་ཕུང་པོ་རྙེད་སོན་བྱུང་འདུག

 ཟླ་༤ པའི་ཚེས་༣༠ ཉིན་བོད་མིའི་གཞིས་སྒར་སྦིར་ཉེ་འགྲམ་གྱི་རྒྱ་གར་གྲོང་གསེབ་གཅིག་གི་ཁུལ་དུ་ཡོད་པའི་ཆུ་རོང་ཞིག་འགྲམ་དུ། བོད་མི་ཞིག་གི་ཕུང་པོ་རྙེད་སོན་བྱུང་འདུག་པ་དང་། ད་ལྟའི་ཆར་ཤི་རྐྱེན་གང་ཡིན་རྩད་གཅོད་བྱེད་རྒྱུ་ཡིན་འདུག
ཁོང་གནས་སྡོད་བྱེད་ས་དྷ་ས་ཡིན་པ་གོ་ཐོས་བྱུང་བས། འདི་གའི་གསར་འགོད་པའི་དྷ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལ་ཁ་པར་བརྒྱུད་གནས་འདྲི་བྱས་པ་བརྒྱུད། ཁོང་གིས་འགྲེལ་བརྗོད་བྱེད་དོན་ལ། ཧི་མ་ཅལ་མངའ་སྡེའི་སྦིར་བོད་མིའི་གཞིས་སྒར་གྱི་འགྲམ་དུ་ཡོད་པའི་རྒྱ་གར་གྲོང་གསེབ་ཅིག་གི་ཁུལ་དུ་ཡོད་པའི་ཆུ་རོང་ཞིག་གི་འགྲམ་དུ། རྒྱ་གར་གྲོང་གསེབ་བ་ཚོས་བོད་མི་ཞིག་གི་ཕུང་པོ་ཞིག་རྙེད་སོན་བྱུང་ནས། ཉེན་རྟོག་པར་ཁ་པར་བཏང་ནས་སྙན་སེང་ཞུས་ཡོད་འདུག ཤི་བོའི་ཕུང་པོར་དྲི་མ་ཁ་ཡི་ཡོད་འདུག་པས། ཤི་ནས་ཉི་མ་མང་པོ་ཕྱིན་པ་གསལ་པོ་ཡིན་ཡང་། ད་ལྟའི་ཆར་ཤི་བོའི་ཕུང་པོར་ཉེན་རྟོག་པས་རྟོག་ཞིབ་བྱེད་རྒྱུ་ཡིན་འདུག་པས། ཤི་རྐྱེན་ཤེས་རྟོགས་ཐུབ་མེད་པ་རེད།
བོད་མི་དེ་གསར་འབྱོར་ཡིན་པ་དང་། དེ་སྔོན་རྡ་སའི་ཐང་བྲིས་ཁང་གཅིག་ཏུ་ལས་ཀ་བྱེད་མྱོང་ཡོད་འདུག་པ་དང་། རྒྱ་གར་དུ་ཕ་མ་སྤུན་མཆེད་མེད་པ་རེད་འདུག ཟླ་བ་གཅིག་ཙམ་གྱི་སྔོན་ནས་ལས་ཀ་བཞག་ནས་སྦིར་ལ་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག་པ་དང་། རྒྱ་གར་ཉེན་རྟོག་པས་ཟླ་༥ པའི་ཚེས་༡ ཉིན་ཁོང་གི་ཕུང་པོ་དེ་ཀང་ར་ས་གནས་ཁུལ་གྱི་རྒྱ་གར་གཞུང་གི་སྨན་ཁང་ཀྲན་ཀྲ་རུ་བསྐྱལ་ནས། དེ་གར་ཕུང་པོར་རྟོག་ཞིབ་བྱས་རྗེས། ཕུང་པོ་མེར་སྲེག་གཏོང་རྒྱུ་གྲ་སྒྲིག་བྱེད་རྒྱུ་ཡིན་འདུག
ས་གནས་འགོ་འཛིན་ལ་བོད་མི་དེ་བསད་པ་ཡིན་པའི་སྐད་ཆ་ཞིག་འགྲོ་བཞིན་འདུག་པས་དེའི་སྐོར་སྐད་ཆ་དྲིས་སྐབས། ཁོང་གིས་ད་ལྟའི་ཆར་ཕུང་པོར་རྟོག་ཞིབ་བྱེད་རྒྱུ་ཡིན་ཁར། རྟོག་ཞིབ་བྱས་རྗེས་གྲུབ་འབྲས་ག་དུས་ཐོན་མིན་ཤོད་ཚོད་ད་ལྟ་ཐུབ་ཀྱི་མེད་པས། བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་མི་དེ་བསད་པ་ཡིན་ཚུལ་གྱི་དཀྲོག་གཏམ་མ་སྤེལ་ན་ལེགས་པ་ཡོད་སྐོར་བརྗོད་སོང་། རྒྱ་གར་གྱི་ངོས་འཛིན་ཨ་ཏར་ལག་ཁྱེར་ཞིག་ཡོད་པའི་ཐོག་མིང་ལ་ཡེ་ཤེས་བསྟན་འཛིན་དང་། སྐྱེས་ལོ་༡༩༧༧ ལོ་ཡིན་པའི་གནས་ཚུལ་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།