བོད་མི་རིགས་ཀྱི་རྩ་བ་བཀོག་པ་དང་ཟུངས་ཁྲག་འཐུང་གི་ཡིན་ཟེར་བའི་གོ་བརྡ།
རྒྱ་ནག་གཞུང་གིས་བོད་མི་རིགས་“ཀྲུང་ཧྭ་མི་རིགས་དང་ཀྲུང་གོ་ཅན་ནམ། རྒྱ་ནག་ཅན་”ཏེ་ “རྒྱ་”ལ་བསྒྱུར་ཏེ་དུས་དང་རྣམ་ཀུན་ཏུ་བོད་མི་རིགས་འདི་ཉིད་རྩ་མེད་བཟོ་བའི་དམིགས་ཡུལ་ཁོ་ན་བཅངས་ནས་ལོ་ངོ་བདུན་ཅུ་སོང་ཞིང་། དེ་ཡང་ལོ་རབས་ལྔ་བཅུ་བ་ནས་བཟུང་དུས་རབས་ཉེར་གཅིག་པའི་ཉིས་སྟོང་ཉི་ཤུ་རྩ་གཉིས་བར་རྒྱ་མི་དམར་པོས་ཐབས་བརྒྱ་ཇུས་སྟོང་དང་དངོས་ཤུགས་བརྒྱུད་གསུམ་ནས་བོད་མི་རིགས་ཀྱི་ཆོས་ལུགས་དང་སྐད་ཡིག རིག་གཞུང་དང་སྲོལ་རྒྱུན།
རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་མ་འོངས་པའི་སོན་རྩའི་རྩ་བ་བཀོག་པ་དང་། བོད་ཀྱི་ཆོས་ལུགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་ཟུངས་ཁྲག་འཐུང་གི་ཡིན་ཟེར་བའི་གོ་བརྡ།
རྒྱ་ནག་གཞུང་གིས་བོད་མི་རིགས་“ཀྲུང་ཧྭ་མི་རིགས་དང་ཀྲུང་གོ་ཅན་ནམ། རྒྱ་ནག་ཅན་”ཏེ་ “རྒྱ་”ལ་བསྒྱུར་ཏེ་དུས་དང་རྣམ་ཀུན་ཏུ་བོད་མི་རིགས་འདི་ཉིད་རྩ་མེད་བཟོ་བའི་དམིགས་ཡུལ་ཁོ་ན་བཅངས་ནས་ལོ་ངོ་བདུན་ཅུ་སོང་ཞིང་། དེ་ཡང་ལོ་རབས་ལྔ་བཅུ་བ་ནས་བཟུང་དུས་རབས་ཉེར་གཅིག་པའི་ཉིས་སྟོང་ཉི་ཤུ་རྩ་གཉིས་བར་རྒྱ་མི་དམར་པོས་ཐབས་བརྒྱ་ཇུས་སྟོང་དང་དངོས་ཤུགས་བརྒྱུད་གསུམ་ནས་བོད་མི་རིགས་ཀྱི་ཆོས་ལུགས་དང་སྐད་ཡིག རིག་གཞུང་དང་སྲོལ་རྒྱུན། བོད་མིའི་བསམ་བློའི་འདུ་ཤེས་རྣམས་སུ་བཀག་སྡོམ་དང་སྟངས་འཛིན། ཚད་བཀག་བྱས་ཏེ་ཤུལ་མེད་ཅིང་རྗེས་བསུབ་པའི་སྲིད་བྱུས་མངོན་སུམ་འཛེམས་མེད་ཀྱིས་ལག་བསྟར་བྱས་དང་བྱེད་བཞིན་པའི་ངན་འབྲས་ནི་ད་ལྟའི་བོད་ནང་གི་གནས་སྟངས་ཛ་དྲག་ཅན་ཏེ། བོད་ཀྱི་ས་ཁུལ་ཡོངས་སུ་དམག་མིས་དྲག་གནོན་འོག་བོད་མིར་ཉེས་མེད་སྐྱོན་འཛུགས། བརྙས་བཅོས་ཁྱད་གསོད། དབྱེ་འབྱེད་དམའ་འབབ། སྨྲ་བརྗོད་ཚད་བཀཀ གཅར་རྡུང་སྡུག་སྦྱོང་། བཙོན་འཇུག་བཀག་ཉར། དམར་གསོད་ལྐོག་གསོད། གར་སོང་ཆ་མེད། སོ་ལྟའི་འཇབ་རྒོལ། འཇིགས་སྐུལ་ཚ་འདེད། གསར་ལམ་བཀག་སྡོམ། དྲ་རྒྱ་སྔོག་གཤེར། དགོན་པ་གཏོར་བ། ལྷ་སྐུ་བཤིག་པ་སོགས་ལ་བརྟེན། བོད་མི་རིགས་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེ་སྲེག་གི་ཡ་ང་བའི་གནས་ཚུལ་སོགས་དངོས་སུ་ང་ཚོའི་མིག་མདུན་ན་རྒྱ་མཚོའི་རྦ་རླབས་ལྟར་ཉིན་རེ་ནས་ཉིན་རེ་ཇེ་མགྱོགས་སུ་འཕྱིར་བཞིན་པ་འདི་རེད། དེ་ལྟར་ནའང་བོད་ཀྱི་མི་རབས་བཞིའི་རིང་ལ་བོད་མི་རིགས་ཀྱིས་ཉིན་མཚན་དུས་དྲུག་ལ་རྒྱ་མི་དམར་པོར་གདུང་གཏད་ཀྱི་རྒོལ་བ་བྱུང་དང་འབྱུང་བཞིན་པའི་ཡིད་སྐྱོ་ཞིང་ཐབས་རྡུགས་ཀྱི་ཁྲག་གི་མིག་ཆུ་ཐ་ར་ར་ཆད་མྱོང་མེད། མི་ཐོག་བཞི་ཟེར་དུས་དེ་ནི་དུས་ཡུན་ཐུང་ཐུང་ཞིག་གཏན་ནས་མིན་ཞིང་། གོ་ལ་ཟླུམ་པོའི་མི་རིགས་ཤིག་གི་འཐབ་རྩོད་ཁྲོད་འཛམ་གླིང་ཡང་རྩེའི་མཐོ་སྒང་གི་གདོང་པ་དམར་པོའི་ཐོད་པར་བྲིས་པའི་ལས་དབང་ལྕི་མོའི་ཛ་དྲག་ཅིང་ཉག་ཕྲ་བའི་ཟིན་ཐོ་ཞིག་ཀྱང་རེད་ལ། རྒྱ་ནག་གིས་བོད་ཧམ་བཟུང་བྱས་ནས་མི་ལོ་བདུན་ཅུ་སྟེ་(༡༩༥༠ ནས ༢༠༢༢) བོད་ཀྱི་མི་ཐོག་བཞིའི་རིང་འདིར་བོད་ཀྱི་ས་ཐོག་ཏུ་རྒྱ་མི་ས་ཡ་ཉི་ཤུ་ལྷག་བསླེབ་ཡོད་པས་ན། ང་ཚོ་བོད་ཀྱིས་མང་སྣ་ཉུང་གིས་མ་བརྟེན་པ་ཞིག་ལ་ཐུག་ཡོད་པ་ཞིག་ཀྱང་ཁོ་བོས་མཐོང་།
“བྱིས་པའི་སེམས་པ་དམར་ཤོག་ལ་ཕྱོགས་པ་དང་དམར་ཤོག་གི་རྗེས་སུ་འབྲངས་པ།”
བོད་ནང་གི་བོད་ཀྱི་བྱིས་པ་ལོ་༦ ནས་༡༨ བར་གྱི་བོད་རིགས་སློབ་མ་བརྒྱ་ཆ་༧༨ རྒྱ་ནག་གཞུང་གི་བཅའ་སྡོད་སློབ་གྲྭའི་ནང་གཏན་སྡོད་བྱེད་ཀྱི་ཡོད་ཅིང་། ཕ་མར་གདམ་ཀ་གཞན་གང་མེད་པར་བྱིས་པ་བཅའ་སྡོད་སློབ་གྲྭར་མི་གཏོང་ཐབས་མེད་དུ་གྱུར་ཡོད། ཕ་མ་ལ་ལར་རྒྱ་གཞུང་གིས་གནོན་ཤུགས་དང་འཇིགས་སྐུལ་འོག་བྱིས་པ་མི་འདོད་བཞིན་དུ་བཅའ་སྡོད་སློབ་གྲྭར་གཏོང་དགོས་ཀྱང་བྱུང་ཡོད། བཅའ་སྡོད་སློབ་གྲྭའི་སློབ་ཁྲིད་མང་ཤོས་རྒྱ་སྐད་རྒྱ་ཡིག་ཡིན་ཞིང་། སློབ་མ་ཚོ་སོ་སོའི་ཕ་མ་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྲོལ་རྒྱུན། བོད་མི་བསམ་བློའི་འདུ་ཤེས། བོད་མིའི་རྒྱུན་ལྡན་གྱི་གཤིས་ཀ བོད་ཀྱི་སྐད་ཡིག་ཉིན་རེའི་འཚོ་བའི་ཁྲོད་བཀོལ་སྤྱོད་བྱེད་སའི་སྤྱི་ཚོགས་ནས་རྒྱང་རིང་དུ་སྡོད་དགོས་བྱུང་བར་བརྟེན། བོད་རང་གི་ཆོས་དང་རིག་གཞུང་སོགས་ཀྱི་གོམས་གཤིས་བྱིས་པའི་རྒྱུད་དུ་འཇགས་མི་ཐུབ་པར་གྱུར་ཡོད་ཅིང་། སློབ་གྲྭ་འདི་དག་ནི་བོད་རིགས་སློབ་མ་ཚོར་རྒྱ་མི་དམར་པོའི་རྒྱལ་ཞེན་དང་། ཆབ་སྲིད་ཀྱི་སློབ་གསོ། རྒྱ་རིགས་ཀྱི་བསམ་བློའི་འདུ་ཤེས་སྤྲོད་སའི་བཟོ་གྲྭ་ལྟ་བུར་གྱུར་ཡོད། དེ་བས་ན། ཡ་ང་བའི་ཁོར་ཡུག་འདི་འདྲ་ཞིག་གི་དཀྱིལ་བོད་རིགས་སློབ་མ་རྣམས་ཀྱིས་བོད་མི་རིགས་རང་གི་ཕ་སྐད་བརྗེད་ཅིང་མི་རིགས་ཀྱི་ཆོས་དང་རིག་གཞུང་། བསམ་པའི་འདུ་ཤེས། རུས་རྐང་ཀི་གཤེས་ཀ ལུགས་སྲོལ་གོམས་གཤིས་སུ་རྒྱང་ཐག་ཇེ་རིང་དུ་འགྲོ་བཞིན་པའི་བོད་མི་རིགས་ཀྱི་གནས་བབ་ཧ་ཅང་ཐབས་རྡུགས་ཤིང་ཉག་ཕྲ་བའི་བོད་ཀྱི་མི་རབས་ཤིག་ལ་བསླེབ་ཡོད། ཉེ་ཆར་བོད་དོན་ལས་འགུལ་བསྟི་གནས་ཁང་གི་སྙན་ཐོ་ལྟར་ན། རྒྱ་ནག་གཞུང་གིས་ཆ་བགོས་བྱས་པའི་བོད་ཀྱི་ས་ཁུལ་ཁག་གི་བཅའ་སྡོད་སློབ་ཆུང་དང་སློབ་འབྲིང་། མཐོ་འབྲིང་བཅས་ཀྱི་བོད་རིགས་སློབ་མ་ལོ་༦ ནས་༡༨ བར་ཀྱི་གྲངས་ཀ་ནི། བོད་རང་སྐྱོང་ལྗོངས་ནང་སློབ་མ་༤༢༣༨༠༡ དང་། མཚོ་སྔོན་ཞིང་ཆེན་ནང་བོད་རིགས་སློབ་མ་༡༦༦༩༣༥། ཀན་སུའུ་ནང་སློབ་མ་༣༦༧༣༠། སི་ཁྲོན་ཞིང་ཆེན་ནང་བོད་རིགས་སློབ་མ་༡༧༠༥༦༥། ཡོན་ནན་ཞིང་ཆེན་ནང་བོད་རིགས་སློབ་མ་༨༡༨༧ ཡོད་པ་བཅས་བཀོད་འདུག
དེ་ལྟར་ན་༢༠༢༡ ལོའི་ལོ་འགོ་ནས་བཟུང་རྒྱ་ནག་གཞུང་གིས་རྒྱ་སྐད་དང་རྒྱ་ཡིག་སློབ་ཁྲིད་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་། མགོ་ལོག་ཕྱོགས་ཀྱི་སེང་འབྲུག་སྟག་རྩེ་སློབ་གྲྭ་གཙོས་པའི་བོད་ཀྱི་སྒེར་གཉེར་སློབ་གྲྭ་༦ དང་། བྲག་འགོ་དགེ་ལྡན་ནང་བསྟན་སློབ་གྲྭ་སོགས་སྒོ་བརྒྱབ་ཏུ་བཅུག
དེ་བཞིན་དུ་རྒྱ་ནག་རྒྱལ་ཡོངས་སློབ་གྲྭའི་གུང་གསེང་སོགས་ཀྱི་སྐབས་སུ། མི་སྒེར་དང་ཚོགས་པའི་ངོས་ནས་སློབ་མ་ཚོར་གང་བྱུང་གསབ་སྦྱོང་ཚོགས་མི་ཆོག་པའི་བརྡ་ཁྱབ་བཏང་བ་ལྟར། ༢༠༢༡ ལོའི་ཕྱི་ཟླ་༡༠ པ་ནས་བཟུང་མཚོ་སྔོན་ཁོངས་གཏོགས་སུ་ཡོད་པའི་རྫོང་དང་གྲོང་ཁྱེར་ཁག་གི་སློབ་གྲྭ་ཁག་ནང་། དགུན་ཁའི་གུང་གསེང་དང་སྐབས་སློབ་ཕྲུག་ཚོར་དམིགས་བསལ་བོད་ཡིག་གསབ་སྦྱོང་རིགས་ཚོགས་མི་ཆོག་པ་བྱས། ༢༠༢༡ ལོ་ནས་བཟུང་མཚོ་སྔོན་མངའ་འོག་གི་སློབ་ཆུང་ཚང་མའི་རྩིས་རིག་དང་མཛེས་རྩལ་སློབ་ཚན་ཚང་མ་རྒྱ་ཡིག་ལ་བསྒྱུར་འདུག་ཅིང་། ད་ལྟ་བོད་ཡིག་གཅིག་པུ་ཙམ་ལས་ལོ་རེ་བཞིན་སློབ་ཚན་ཚང་མ་རྒྱ་ཡིག་ལ་བསྒྱུར་བཞིན་ཡོད་པ་སོགས་ཀྱི་གནས་སྟངས་འོག་གསབ་སྦྱོང་འཛིན་གྲྭ་དེ་དག་བྱིས་པ་ཚོར་བོད་ཡིག་སློབ་ཁྲིད་བྱེད་སའི་གོ་སྐབས་ཡག་པོ་ཞིག་ཡིན་ཡང་། རྒྱ་གཞུང་གིས་གཏན་འགོག་བྱས་པས་བློ་ཕམ་སྐྱེས་གཞི་ཞིག་ཏུ་གྱུར། བོད་ཡིག་གསབ་སྦྱོང་གཏན་ནས་ཚོགས་མི་ཆོག་པ་དང་། གལ་ཏེ་ཚོགས་པ་ཡིན་ནའང་ཁྲིམས་ཐོག་ནས་ཉེས་ཆད་ལྕི་མོ་ཡོད་པའི་སྐོར་ཡང་བསྒྲགས་འདུག
ད་དུང་བོད་ཀྱི་ས་ཁུལ་ཏུ་བྱིས་པའི་སེམས་པ་དམར་ཤོག་ལ་ཕྱོགས་པ་དང་དམར་ཤོག་གི་རྗེས་སུ་འབྲངས་པ་ཟེར་བའི་བྱེད་སྒོ་འདིས་བསམ་གཟེས་ཏེ་ཕྱི་ལོ་༢༠༡༤ ཙམ་ནས་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་བྱིས་གཉོར་ཁང་དུ་རྒྱ་ཡིག་རྒྱ་སྐད་གཙོ་གཉེར་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ་རྒྱ་སྐད་དང་རྒྱ་ཡིག་རྒྱ་སྐད་བཀོལ་སྤྱོད་བྱེད་འགོ་བཙུགས། དེ་ཡང་ལོ་ན་མ་ཟིན་པའི་ཆུང་བྱིས་པས་སྐད་ཆ་བཤད་མི་ཐུབ་པའི་སྔོན་ནས་བོད་པའི་སྤྱི་ཚོགས་ཀྱི་ཉིན་རེའི་འཁོར་སྤྱོད་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག་བེད་སྤྱོད་ཀྱི་གོ་སྐབས་ཉིན་རེ་ལས་ཇེ་ཉུང་དུ་བཏང་སྟེ་བོད་མི་རིགས་ཀྱི་མ་འོངས་པའི་སོན་རྩའི་རྩད་པ་བཀོག་པའི་གཏིང་ནག་གི་དམིགས་ཚད་ཁོ་ན་བཟུང་བ་ཞིག་ཀྱང་རེད།
རྒྱ་གཞུང་གིས་དབང་བསྒྱུར་ལམ་ལུགས་འོག་བཅའ་སྡོད་སློབ་གྲྭ་ཕོན་ཆེ་འཛུགས་བཞིན་པའི་ལས་གཞི་ལོ་རེར་རྒྱ་ཆེ་རུ་བཏང་སྟེ་རྒྱ་དམར་གྱིས་བོད་ས་བཙན་འཛུལ་བྱས་པ་ནས་བཟུང་ད་ལྟའི་བོད་ཀྱི་མི་ཐོག་བཞི་འདི་ཡོལ་ཟིན་པའི་རྗེས་སུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་གང་ཡང་མི་ཤེས་པའི་མི་རབས་ཤིག་བསྐྲུན་ཐབས་སུ་འབད་བཞིན་པ་ནི་ང་ཚོས་དངོས་ཟིན་ལག་མཐོང་ཡིན་པའི་དཔང་རྟགས་ཀྱང་དེ་རེད།
“ཆོས་ལུགས་ཀྲུང་གོ་ཅན་བསྒྱུར་བ”།
ཞི་ཅིན་ཕིང་གིས་“ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས་”ཟེར་བ་དེ་ནི་སྒེར་གཅོད་བཙན་དབང་གིས་བོད་རྒྱ་སྒྱུར་གྱི་འདྲེ་ལག་བོད་ཀྱི་ཆོས་ལུགས་ནང་ལ་སྲིང་བ་ལས་མ་འདས་ཤིང་། ཀྲུང་གོ་ཅན་དང་རྒྱ་ནག་ཅན། ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭ་རིག་གནས་ཟེར་བ་ནི་རྒྱ་སྒྱུར་ཅན་གྱི་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་དེ་རེད། དེ་ཡང་མཐར་དེད་ན་བོད་མི་རིགས་རྒྱ་མི་རིགས་བྱེད་དགོས་ཞེས་པ་དེ་རེད། དེ་ལྟར་ན་ཡང་། ༢༠༢༡ ནང་རྒྱ་ནག་གཞུང་གིས་ཆོས་ལུགས་དང་འབྲེལ་བའི་ཚོགས་ཆེན་ཆེ་ཤོས་ཤིག་བསྐུངས་ཏེ་མ་འོངས་པའི་ལོ་འགའ་ཤས་ཀྱི་ཆོས་ལུགས་དང་འབྲེལ་བའི་སྲིད་བྱུས་ལག་བསྟར་གཏན་ཕབ་བྱས་ཤིང་། ཚོགས་ཆེན་དེའི་ཐོག་ཞི་ཅིན་ཕིང་གིས་“རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་ཏེ། རང་རྒྱལ་གྱི་ཆོས་ལུགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱ་རྒྱུར་སྣེ་ཁྲིད་དང་རྒྱབ་སྐྱོར་བྱས་ནས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་མོས་སེམས་ཆེ་རུ་གཏོང་དགོས་”ཞེས་དང་“ཆོས་ལུགས་ལས་རིགས་སུ་རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་སྤེལ་ཏེ། དམིགས་ས་ཡོད་པའི་སྒོ་ནས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་དགོས”་ཟེར་པ་དེ་ནི་རྒྱ་ནག་ཅན་དུ་བསྒྱུར་བའི་བརྒྱུད་རིམ་ནང་དུ་བོད་ཀྱི་ཁྱད་ནོར་རྒྱ་རིགས་ཀྱི་ངོ བོ་ཡོངས་སུ་བསྲེས་ནས་རྒྱའི་རིག་གཞུང་དང་གཅིག་ཏུ་བསྒྱུར་རྒྱུ་དེ་རྩ་བའི་བསམ་ནག་གི་དམིགས་འབེན་ངོ་མ་དེ་རེད། རྒྱུ་མཚན་ནི། རྒྱ་མི་དམར་ཕྱོགས་ཆོས་མེད་སྨྲ་བའི་རང་ལུགས་པས་ཆོས་ལུགས་རྒྱ་ནག་དམར་ཕྱོགས་ཅན་བསྒྱུར་ཟེར་དུས། ཡིན་རྒྱུ་ནི་བོད་ཀྱི་ཆོས་ལུགས་ལ་ཤ་ཚ་བ་མ་ཡིན་པར་བོད་ཀྱི་ཆོས་ལུགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་ཟུངས་ཁྲག་འཐུང་གི་ཡིན་ཟེར་བའི་གོ་བརྡ་ལས་མ་འདས་པ་དེ་རེད། དཔེར་ན། ཉེ་བའི་ཆར་བོད་ནང་ནས་རྒྱ་ནག་གཞུང་གིས་དགོན་པ་དང་ལྷ་ཁང་གཏོར་བ། མཆོད་རྟེན་དང་ལྷ་སྐུ་བཤིག་པ། བླ་མ་དང་གྲྭ་བཙུན་དགོན་པ་ནས་ཕྱིར་འབུད་དང་བཙོན་འཇུག གྲྭ་བའི་ཁ་གྲངས་ཚོད་འཛིན། དད་ལྡན་མང་ཚོགས་ཀྱི་དད་མོས་རང་དབང་གི་སེམས་ཚོར་དང་སྨྲ་བརྗོད་འཕྲོག་པ། བླ་མ་དང་གྲྭ་བཙུན་སློབ་གྲྭའི་དགེ་རྒན་བྱེད་མི་ཆོག་པ། ཆོས་ལུགས་པས་ལྷ་མེད་སྨྲ་བའི་དམར་པོའི་རང་ལུགས་ལ་སློབ་སྦྱོང་དང་ཡིད་ཆེས་བྱེད་དགོས་པ་སོགས་ནི་ཆོས་ལུགས་རྒྱ་ནག་ཅན་ཏུ་བསྒྱུར་དགོས་པའི་དོན་དག་དམར་རྗེན་དེ་རེད། ཁ་གསལ་བཏང་ན་རྒྱ་གཞུང་གི་ཁ་ལ་མ་ཉན་ན་ཐད་ཀར་གཅར་རྡུང་དང་བཙོན་འཇུག། གར་སོང་ཆ་མེད། དམར་གསོད་བྱེད་པ་ནི་ཆོས་ལུགས་ཀྲུང་གོ་ཅན་ཏུ་བསྒྱུར་བའི་རྟགས་རེད། འདི་འདྲའི་ཆོས་ལུགས་རྒྱ་ནག་ཅན་ཏུ་བསྒྱུར་ཡོང་དུས་རྒྱ་ནག་གཞུང་གི་ཁ་གདངས་ན་ཁོག་རིག་གི།
གཅིག་དགུ་ང་བཅུ་ང་བརྒྱད་དང་ང་དགུ རིག་གནས་གསར་བརྗེས་ཆེན་པོ་སོགས་ཕར་ཞོག ཉེ་བའི་འདས་ལོ་ཕྱི་ལོ་༢༠༢༡ གཅིག་པོ་ནང་གི་དཔེ་མཚོན་ཁག་ཅིག་སྟེ། རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༡ ལོར་བྲག་འགོའི་ས་གནས་བོད་མི་རྣམས་ཀྱིས་རྒྱུན་དུ་ཕྱག་སྐོར་ར་དང་ཁ་འདོན་དགེ་སྒྲུབ་བྱེད་སའི་དགོན་པའི་ཉེ་འདབས་ཀྱི་མ་ཎི་ལག་འཁོར་མང་པོ་ཞིག་ཡོད་པར་གཏོར་བཤིག་བཏང་བར་མ་ཟད་མཐོ་ཚད་སྨིད་༩༩ ལྷག་ཅན་གྱི་ཐུབ་དབང་གི་སྐུ་བརྙན་ཞིག་ཡོད་པ་དེ་གཏོར་བཤིག་བཏང་བ་དང་། མ་ཎི་དར་ལྕོག་དང་སྒོ་དར་སོགས་བཙན་གྱིས་ཕབ་བཅུག་ནས་མེར་སྲེག་བཏང་དུ་བཅུག
མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་ཁུལ་གྱི་བོད་རིགས་ལས་བྱེད་ཚོར་སོ་སོའི་ཁྱིམ་དུ་ཡང་ཆོས་བྱེད་མི་ཆོག་པ་དང་། ཁྱིམ་ཚང་ནང་དུ་ཡོད་པའི་མཆོད་ཁང་རྣམས་གཤིག་དགོས་པའི་བཙན་བཀའ་བཏང་སྟེ། གལ་སྲིད་ལས་བྱེད་སུ་ཞིག་གིས་ཁྱིམ་ཚང་ནང་གི་མཆོད་ཁང་མ་བཤིག་ཚེ། ལས་བྱེད་ཁོངས་ནས་ཕྱིར་འབུད་གཏོང་རྒྱུ་ཡིན་པ་མ་ཟད། གཞི་རིམ་གྱི་ཐོབ་ཐང་ཡང་འཕྲོག་རྒྱུ་ཡིན་པའི་བཙན་ཁྲིམས་བསྡམས་པར་བརྟེན། ས་ཁུལ་དེའི་བོད་རིགས་ལས་བྱེད་ཚོས་མི་འདོད་བཞིན་དུ་ཁྱིམ་ཚང་སོ་སོའི་ནང་གི་མཆོད་ཁང་གཤིག་དགོས་པའི་གནས་སྟངས་བྱུང་། དེ་བཞིན་ཕ་མ་དང་གཉེན་ཉེ་སོགས་འདས་གྲོངས་སུ་གྱུར་ཡང་། འདས་མཆོད་ཀྱི་ཆོ་ག་བྱེད་མི་ཆོག་པའི་དཀའ་ངལ་ཡང་འཕྲད་པ་བཅས་རེད།
༢༠༢༡ ལོའི་ཕྱི་ཟླ་༤ ཚེས་༢༢ ཉིན་བོད་རང་སྐྱོང་ལྗོངས་རྩ་འཛུགས་པུའུ་ནས་གུང་ཁྲན་ཏང་ཡོན་གྱིས་ཆོས་དད་མི་བྱེད་པའི་བྱ་སྤྱོད་ཚད་གཞི་ཞེས་པ་སྒྲིག་གཞི་ཚོད་ལྟའི་ལག་བསྟར་ཆེད་འགྲེམས་སྤེལ་བྱས་ཏེ་ཉིང་ཁྲི་གྲོང་ཁྱེར་དང་། ལྷ་ས་གྲོང་ཁྱེར། མངའ་རིས་ས་ཁུལ་སོགས་སུ་ཁྱབ་བརྡལ་ལག་བསྟར་བྱེད་སྒོ་བཙུགས། བོད་རང་སྐྱོང་ལྗོངས་གུང་ཁྲན་ཏང་ཡོན་གྱིས་ཆོས་ལ་དད་པ་མི་བྱེད་པའི་བྱ་སྤྱོད་ལག་བསྟར་ཐོག་ཏང་ཡོན་རྣམས་མར་ཁེ་སིའི་རིང་ལུགས་ཀྱི་ལྷ་མེད་སྨྲ་མཁན་བརྟན་པོར་འགྱུར་བར་ཁྲིད་སྟོན་བྱས་ཏེ། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་པ། ཆོས་ལ་དད་པ་མི་བྱེད་པ། ཆོས་ལ་མི་ཞུགས་པ། ཆོས་ལུགས་བརྒྱུད་སྤེལ་དང་ཁྱབ་གདལ། སྐུལ་དེད་བཅས་མི་བྱེད་པ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བའམ་ཡང་ན་ཆོས་ལུགས་ཀྱི་སྒྲིག་བཀོད་བསྐྲུན་རྒྱུར་རྒྱབ་སྐྱོར་མི་བྱེད་པ། རང་ཁྱིམ་ནང་དུ་ཡིད་ཆེས་མི་བྱེད་པ་དང་ཕྱི་རུ་ཡང་ཡིད་ཆེས་མི་བྱེད་པ་བྱས་ཏེ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས་པ་དང་། དེ་བཞིན་གུང་ཁྲན་ཏང་ཡོན་གྱིས་ཆོས་དད་མི་བྱེད་པའི་ཁས་ལེན་ཡི་གེ་འཇོག་དགོས་པ་དང་སངས་རྒྱས་དང་སྐུ་འདྲ་སོགས་ཆོས་ལུགས་ཀྱི་རྒྱན་ཆ་མི་འདོགས་པར། ཆོས་ལུགས་ཀྱི་ཆོས་དཔེའམ་ཆོས་ལུགས་ཀྱི་མཚོན་རྟགས་དངོས་པོ་རྐོ་མི་ཆོག་པ་བཅས་སོགས་མངོན་གསལ་དང་མངོན་གསལ་མིན་པའི་ཆོས་ལུགས་ཀྱི་བྱེད་སྒོ་མཐའ་དག་ལ་བཀག་འགོག་ནན་པོ་བྱེད་པའི་སྲིད་བྱུས་འོག་འཚོ་དགོས་པ་དེ་རེད། འདི་ནི་རྒྱ་ནག་གཞུང་གི་”ཆོས་ལུགས་ཀྲུང་གོ་ཅན”་ཟེར་བ་དེ་རེད་ལ། ཡིན་རྒྱུ་ནི་བོད་མི་རིགས་དང་དེའི་ངོ་བོ། ཆོས་དང་རིག་གཞུང། གོམས་གཤིས། སྐད་ཡིག བསམ་བློའི་འདུ་ཤེས་དང་བཅས་པ་རྩ་མེད་གཏོང་རྒྱུ་དེ་རེད།
དམ་ཆོས་བསམ་འཕེལ་གྱིས་ཡོ་རབ་ཧོ་ལན་ཌི་ནས།