བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་༦༣ པ་སྲུང་བརྩི།

ཟླ་འདིའི་ཚེས་༡༠ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་བོད་ཀྱི་རྒྱལ་ས་ལྷ་སར་མི་མང་སྒེར་ལངས་བྱས་ཏེ། རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་བྱས་པའི་དུས་དྲན་ཐེངས་༦༣ དེ་སྲུང་བརྩིའི་མཛད་སྒོ་འཚོགས་པ་དང་། སྐབས་དེར་བཀའ་ཤག་གིས་རྒྱ་ནག་ལ་“ཕན་ཚུན་འདྲ་མཉམ་དང༌། བརྩི་མཐོང་མཛའ་མཐུན། བོད་རྒྱ་གཉིས་ཕན། རྒྱུན་གནས་ཐུབ་པ་བཅས་ཀྱི་ཐབས་ལམ་བརྒྱུད་གོ་བསྡུར་སྦྱངས་བཤད་བྱ་རྒྱུར་གྲ་སྒྲིག་ཨང་གསར་ཡོད་”ཅེས་གསུངས་སོང་།

ཟླ་འདིའི་ཚེས་༡༠ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་བོད་ཀྱི་རྒྱལ་ས་ལྷ་སར་མི་མང་སྒེར་ལངས་བྱས་ཏེ། རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་བྱས་པའི་དུས་དྲན་ཐེངས་༦༣ དེ་སྲུང་བརྩིའི་མཛད་སྒོ་འཚོགས་པ་དང་། སྐབས་དེར་བཀའ་ཤག་གིས་རྒྱ་ནག་ལ་“ཕན་ཚུན་འདྲ་མཉམ་དང༌། བརྩི་མཐོང་མཛའ་མཐུན། བོད་རྒྱ་གཉིས་ཕན། རྒྱུན་གནས་ཐུབ་པ་བཅས་ཀྱི་ཐབས་ལམ་བརྒྱུད་གོ་བསྡུར་སྦྱངས་བཤད་བྱ་རྒྱུར་གྲ་སྒྲིག་ཨང་གསར་ཡོད་”ཅེས་གསུངས་སོང་།

གཞུང་འབྲེལ་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མིའི་ཚོགས་གཞོན་(Jiri Oberfalzer) དང་། དམིགས་བསལ་སྐུ་མགྲོན་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨམ་རེནྡྲ་ངྷ་རི་(Amarendra Dhari Singh) ཕེབས་ཡོད་པ་རེད།  དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་རྣམ་པ། སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན་དང་སེར་སྐྱ་མི་མང་འདུ་འཛོམས་ཐོག སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བཀའ་ཤག་གི་གསུང་བཤད་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་སོང་།

བཀའ་ཤག་གི་གསུང་བཤད་ནང་། “དེ་རིང་ནི་ཕྱི་ལོ་༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཚོས་རྒྱ་གཞུང་གི་བཙན་གནོན་ལ་ངོ་རྒོལ་བྱས་ཏེ་མི་ལོ་དྲུག་ཅུ་རེ་གསུམ་འཁོར་བའི་ཉིན་མོ་ཡིན་ལ། ས་བྱི་ཞི་རྒོལ་ཆེན་མོ་སྟེ། ཕྱི་ལོ་༢༠༠༨ ཟླ་༣ པ་ནས་བཟུང་ཆོལ་གསུམ་བོད་ཀྱི་ས་ཁུལ་ཡོངས་སུ་འཚེ་མེད་ཞི་བའི་གྱེན་ལངས་བྱུང་ནས་ལོ་ངོ་༡༤ འཁོར་བའི་ཉིན་མོའང་ཡིན་པས། བོད་མི་རིགས་དང་རྒྱལ་བསྟན་ཆབ་སྲིད་ཀྱི་དོན་དུ་ལུས་སྲོག་དོར་བའི་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་རྗེས་དྲན་དང༌། ད་ལྟའང་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་སྤུན་ཟླ་རྣམ་པར་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་”ཞེས་རྒྱ་ནག་གི་བཙན་འཛུལ་འོག་འདས་གྲོངས་སོང་བ་ཁག་ལ་དྲན་གསོ་དང་། ལོ་རྒྱུས་ཐོག་ནས་བོད་ཀྱི་གནས་བབས་སྐོར་འཁོད་དོན། “བོད་མི་རིགས་ཀྱི་བྱུང་འཕེལ་ལོ་རྒྱུས་ནང་། ཆོས་རྒྱལ་མེས་དབོན་རྣམ་གསུམ་སྐབས་སུ་མངའ་ཐང་རྩེར་སོན་གྱི་བྱུང་རབས་ཡོད་པ་དང་། བོད་སིལ་བུའི་རྗེས་སུའང་དབུས་ཤར་ཨེ་ཤ་ཡའི་ནང་ཧོར་སོག་གི་དྲག་ཤུགས་དང་། རྒྱ་ཡི་ཆབ་སྲིད། བོད་ཀྱི་ནང་ཆོས་བཅས་ཁུལ་དེར་ཤུགས་རྐྱེན་ཆེ་ཤོས་སུ་བརྩི་སྲོལ་ཡོད་ལ། རྒྱ་ནག་དབང་བསྒྱུར་བྱེད་མཁན་མི་རིགས་གཞན་དང་རྒྱ་རིགས་ཀྱི་རྒྱལ་རབས་རིམ་བྱུང་དང་བོད་དབར་མཆོད་ཡོན་གྱི་འབྲེལ་ལམ་ཚུགས་ཏེ། དུས་ཡུན་ཕལ་ཆེ་བ་ཕན་ཚུན་མཛའ་མཐུན་ངང་གནས་ཐུབ་ཡོད་”ཅེས་འཁོད་འདུག

བཀའ་ཤག་གི་གསུང་བཤད་ནང་རྒྱ་ནག་གིས་བོད་མིར་བཙན་འཛུལ་བྱས་པ་དང་མི་རིགས་རྒྱ་བསྒྱུར་དང་རིག་གཞུང་རྩ་མེད་གཏོང་བའི་སྲིད་ཇུས་བཟུང་ཡོད་སྐོར་འཁོད་དོན། “ང་ཚོས་ཀྲུང་ཧྭ་མི་རིགས་ལ་གུས་བཀུར་ཞུ་གི་ཡོད་ལ། ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་ཧྭའི་རིག་གཞུང་ལ་བརྩི་མཐོང་ཞུ་གི་ཡོད་ཀྱང་། ང་ཚོ་དེ་དག་དང་གཅིག་མཐུན་འདུས་གྲུབ་ཡིན་པའི་ངོས་ལེན་བྱེད་ཐབས་མེད། ང་ཚོས་བོད་མི་རིགས་ནི་མིའུ་གདུང་དྲུག་ལས་མཆེད་པར་འདོད་ལ། བོད་ཀྱི་རིག་གཞུང་ནི་གཡུང་དྲུང་བོན་དང་ནང་ཆོས་ཀྱི་ཤུགས་རྐྱེན་གཏིང་ཟབ་ཐེབས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་བཀུར་ཞུ་འདོད་ཡོད་པའི་རྒྱུ་མཚན་ནི། རྩ་ཁྲིམས་དེའི་ནང་མི་རིགས་འདྲ་མཉམ་གྱི་རྩ་དོན་གསལ་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་གཞི་རིམ་ཐོབ་ཐང་གང་འཚམ་ཞིག་འགན་ལེན་བྱས་ཡོད་པའི་ཆ་ནས་ཡིན་པ་དང་། དེ་ལས་ལྡོག་སྟེ། རྩ་ཁྲིམས་འགྲེལ་བརྗོད་ཀྱི་དབང་ཚད་ལྡན་པའི་རྒྱལ་ཡོངས་དམངས་འཐུས་རྒྱུན་ལས་ནས་རྒྱའི་སྐད་ཡིག་ཁྱབ་སྤེལ་སླད། ༢༠༢༡ ཟླ་༡༢ ནང་མི་རིགས་སྐད་ཡིག་ཐོག་སློབ་ཁྲིད་དང་འབྲེལ་བའི་ཁྲིམས་སྒྲིག་རྣམས་བཀའ་བཏང་ནས་ཕྱིར་བསྡུ་བྱེད་དུ་བཅུག་འདུག་པ་ནི་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྙིང་དོན་ལ་རྒྱབ་འགལ་གྱི་འགྲེལ་ལོག་བྱས་པ་ཞིག་ཡིན་”ཞེས་འཁོད་འདུག

མ་འོངས་པར་ལས་དོན་བྱེད་ཕྱོགས་སྐོར་འཁོད་དོན། “བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་གྱི་སྲིད་ཇུས་གཞིར་བཟུང་རྒྱ་ནག་གཞུང་ལ་བོད་ཀྱི་མ་འོངས་གནས་བབ་སྐོར་གོ་བསྡུར་སྦྱངས་བཤད་བརྒྱུད་གཉིས་མོས་ཀྱི་ཐབས་ལམ་ཞིག་རྙེད་པའི་རེ་བ་འཆང་བཞིན་པ་དང་། ཡང་སྒོས་སུ་རྒྱ་ནག་གཞུང་ལ་མེས་འཚིགས་མེར་གཏུགས་ཀྱིས་ནོར་འཁྲུལ་སྲིད་ཇུས་མཚམས་འཇོག་ཡོ་བསྲང་ཡོང་བའི་སྐུལ་འདེབས་ཀྱི་གོ་སྐབས་ཡོང་རེ་བྱེད་ཀྱི་ཡོད་ཅིང་། དེ་ཡང་ཕན་ཚུན་འདྲ་མཉམ་དང༌། བརྩི་མཐོང་མཛའ་མཐུན། བོད་རྒྱ་གཉིས་ཕན། རྒྱུན་གནས་ཐུབ་པ་བཅས་ཀྱི་ཐབས་ལམ་བརྒྱུད་གོ་བསྡུར་སྦྱངས་བཤད་བྱ་རྒྱུར་གྲ་སྒྲིག་ཨང་གསར་ཡོད་”ཅེས་འཁོད་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ནང་། བོད་མིའི་གསུམ་བཅུའི་དུས་དྲན་གྱི་བྱུང་རིམ་དང་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་རིམ་བྱུང་སྐོར་འཁོད་དོན། “ཕྱི་ལོ་༡༩༤༩ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ཟེར་བ་གསར་དུ་བཙུགས་མ་ཐག་ནས་བོད་ནང་དྲག་པོའི་དམག་དཔུང་བཙན་འཛུལ་གྱི་འགོ་བརྩམས་ཤིང་། བོད་ཞི་བའི་བཅིངས་འགྲོལ་ཟེར་བ་བསྒྲགས་ཏེ་ཁྱིམ་མཚེས་རྒྱལ་ཁབ་བོད་འདི་བཞིན་རྒྱལ་སྤྱིའི་ཁྲིམས་སྒྲིག་ཡོངས་སུ་བརྩི་མེད་ཀྱིས་དྲག་པོས་བཙན་བཟུང་བྱས་ཤིང་། ཕྱི་ལོ་༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཙན་དབང་གི་འོག་འཇོག་དགོས་བྱུང་བ་མ་ཟད། རིམ་པས་རྒྱ་གཞུང་དབང་འཛིན་པས་གྲོས་མཐུན་དོན་ཚན་ཁག་ལ་རྩིས་མེད་ཀྱིས་དམངས་གཙོ་བཅོས་བསྒྱུར་ཟེར་བ་སོགས་དངོས་ཡོད་གནས་ཚུལ་དང་མི་འཚམས་པའི་སྲིད་བྱུས་བཙན་འགེལ་ལག་བསྟར་གྱིས་བོད་ཀྱི་ཆོས་དང་། རིག་གཞུང་ལ་རྩིས་མེད་རྡོག་རོལ་དང་། བོད་མི་དམར་གསོད་དང་སུན་གཙེར་ཚད་མེད་བཏང་ཞིང་། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་ཕྱྭར་བསྡོ་བའི་བྱ་ངན་བརྩམ་རྩིས་བྱས་པར། ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་མང་ཚོགས་ནས་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་བྱུང་ཡོད། མི་མང་སྒེར་ལངས་ཀྱི་ཉིན་མོ་དེ་ནས་བཟུང་བོད་མི་རྣམས་ནས་མ་སྐུལ་དྭངས་བླངས་ཐོག་རྒྱ་ནག་དམར་པོའི་གཞུང་གིས་བོད་མི་རིགས་དང་བཅས་པ་རྩ་མེད་གཏོང་རྒྱུའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་བའི་ངོ་རྒོལ་སྣ་ཚོགས་རྒྱུན་ཆད་མེད་པར་སྤེལ་བཞིན་ཡོད་”ཅེས་དང་། བོད་མི་རྣམས་ནས་རྒྱ་ནག་གཞུང་གིས་ལག་བསྟར་བྱས་དང་བྱེད་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་དེ་དག་ལ་འདོད་མོས་མེད་ཅིང་། ཞི་བའི་ངོ་རྒོལ་གྱི་ལས་འགུལ་གཅིག་རྗེས་གཉིས་མཐུད་དུ་སྤེལ་དགོས་བྱུང་བའི་བརྒྱུད་རིམ་ཁག་འཁོད་འདུག

སྤྱི་འཐུས་ཀྱི་གསུང་བཤད་ནང་བོད་དོན་རྒྱབ་སྐྱོར་བའི་གལ་དང་བོད་མི་ཚོས་ལས་དོན་ཕྱོགས་སྐོར་ལ་འབོད་སྐུལ་གནང་དོན། “བོད་ཀྱི་བདེན་དོན་འཐབ་རྩོད་ལ་འཛམ་གླིང་རྒྱལ་ཁབ་ཁག་གི་གཞུང་དང་། གྲོས་ཚོགས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག མི་སྒེར་བཅས་ཀྱིས་རྒྱབ་སྐྱོར་གནང་དང་གནང་བཞིན་པ་མ་ཟད། ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་རིགས་ཤེས་ཡོན་ཅན་དང་མང་གཙོ་དོན་གཉེར་ཅན། དེ་བཞིན་རྒྱ་ནག་ནང་ཡོད་པའི་རྒྱ་རིགས་གཟུར་གནས་ཤེས་ཡོན་ཅན་མང་པོས་ཡི་རངས་བསྔགས་བརྗོད་ཀྱིས་རྒྱབ་སྐྱོར་གནང་བཞིན་ཡོད། དེ་བཞིན་ཨ་རིའི་གཞུང་གིས་བོད་དོན་ཐོག་ཁྲིམས་ཡིག་གཏན་འབེབས་གནང་བ་དང་། ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གི་གྲོས་ཚོགས་དང་། ཉི་ཧོང་གྲོས་ཚོགས། རྒྱ་གར་གྲོས་ཚོགས་བཅས་སུ་བོད་དོན་གླེང་སློང་གནང་དང་གནང་བཞིན་པ་བཅས་ཀྱིས་བོད་དོན་འདི་བཞིན་རྒྱལ་སྤྱིའི་ཐོག་གི་གནས་ཚུལ་གལ་ཆེ་ཞིག་ཏུ་འགྱུར་བཞིན་པར་བོད་མི་རྣམས་ལ་དགའ་སྤོབས་སྐྱེ་གཞི་ཞིག་ཏུ་གྱུར་ཡོད་ཅིང་། རང་ཅག་བོད་མི་རྣམས་ཀྱིས་ལེགས་ཉེས་དབྱེ་འབྱེད་ཀྱི་རྣམ་དཔྱོད་རྩལ་དུ་བཏོན་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་བཞིན་བོད་མིའི་ནང་ཁུལ་མཐུན་སྒྲིལ་དང་། བོད་དོན་བདེན་མཐའ་གསལ་ཐབས་ཆེད་ནུས་པ་གང་ཡོད་བཏོན་ཏེ། བོད་བསྟན་སྲིད་ཆེད་ནུས་པ་མཉམ་སྤུངས་དང་འགན་ཁུར་སྔར་ལྷག་ཡོང་བའི་ལྷག་བསམ་དང་སེམས་ཤུགས་ཀྱི་ནུས་པ་ཆིག་སྒྲིལ་ཡོང་ཐབས་བྱ་དགོས་པའི་སྐུལ་མ་ནན་པོ་ཞུ་རྒྱུ་ཡིན་”ཞེས་འཁོད་འདུག

དམིགས་བསལ་སྐུ་མགྲོན་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Amarendra  Dhari  Singh གྱིས་གསུང་དོན། རྒྱ་ནག་གིས་བོད་མཐོ་སྒང་ནི་དམག་ས་ཞིག་ཏུ་བསྒྱུར་བ་དང་ཁོར་ཡུག་གཏོར་བཅོམ་གཏོང་བ། ཆུ་བོ་དག་ཁ་ལོ་བསྒྱུར་བ། བོད་མི་ཚོ་ལ་མི་ཆོས་ལས་འདས་པའི་མནར་གཅོད་གཏོང་བ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་གཏོར་བཤིག་གཏོང་བཞིན་ཡོད་པས། དེ་ལ་རྒྱ་གར་ནང་དུ་ཡོད་པའི་བཙན་བྱོལ་བོད་མི་ཚོས་གདོང་ལེན་བྱེད་དགོས་སྐོར་གསུངས་སོང།

ཁོང་གིས་མུ་མཐུད་དུ་“བོད་ཀྱི་གནད་དོན་དེ་ནི་རྒྱ་གར་རྒྱལ་ཁབ་ཀྱི་བདེ་འཇགས་གནད་དོན་ཞིག་ཡིན་པ་མ་ཟད། དེ་ནི་རྒྱ་གར་གྱིས་འགྲོ་བ་མིའི་ཐོབ་ཐང་ལ་དམ་བཅའ་བྱས་པའི་གནད་དོན་ཞིག་ཀྱང་ཡིན་པས། རྒྱ་གར་ནི་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མིའི་ཚོ་དང་དཔུང་པ་མཉམ་གཤིབ་ཀྱིས་མཉམ་དུ་ཡོད་”ཅེས་གསུངས་སོང་།

ཁོང་གིས། རྒྱ་ནག་གིས་༡༩༥༡ ལོར་བོད་ལ་བཙན་འཛུལ་བྱས་པ་དེ་ནི། ད་ལྟའི་རྒྱ་དཀར་ནག་གཉིས་ཀྱི་རྩོད་གཞི་ཆེ་ཤོས་ཀྱི་རྒྱུ་རྐྱེན་ཆགས་ཡོད་སྐོར་དང་། སྐབས་དེར་རྒྱ་གར་གྱིས་བོད་མིར་གནས་ཚང་གཡར་བ་ཙམ་ལས་བོད་དབང་བསྒྱུར་ལ་ཐེ་ཇུས་མ་བྱས་པར་བསྡད་ནས། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་བཟང་ཕྱོགས་ལ་རེ་བ་བརྒྱབ་པ་དེ་ནོར་འཁྲུལ་ཡིན་སྐོར་གསུངས་སོང་།

ཁོང་གིས། ༧གོང་ས་མཆོག་ནི་རྒྱ་གར་བ་མིི་རེ་རེའི་སེམས་ན་ཡོད་པ་དང་ཁོང་ནི་དུས་རབས་འདིའི་བཟང་སྤྱོད་ཀྱི་སྐུལ་མ་བྱེད་མཁན་ཞིག་ཡིན་པས། རྒྱ་གར་གྱི་ཆེས་བསྟོད་གཟེངས་རྟགས་Bharat Ratan སྤྲད་ས་ཁོང་ལས་ལྷག་པའི་སྐྱེས་བུ་དམ་པ་གཅིག་ཀྱང་མེད་པ་དང་།བོད་མི་ཚོ་ཡང་བཙན་བྱོལ་གཞན་དང་འདྲ་བའི་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པས། རྒྱ་གར་གྱིས་བོད་མི་ཚོ་ལ་གཞིས་ཆགས་སྲ་བརྟན་གྱི་སྲིད་ཇུས་དེ་ནི་ངེས་པར་དུ་ལག་བསྟར་བྱེད་དགོས་སྐོར་གསུངས་སོང་།

སྐུ་མགྲོན་གཙོ་བོ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་གཞོན་པ་ Jiri Oberfalzer ཁོང་གིས་གསུངས་གསལ། ཆུ་ཚོད་འགའ་ཤས་རྗེས་ང་ཚོ་ཅེག་སྤྱི་མཐུན་རྒྱལ་ཁབ་ནས་གྲོང་འཁྱེར་ཁག་ནང་བོད་ཀྱི་རྒྱལ་དར་བརྒྱ་ཕྲག་མང་པོ་བསྒྲེངས་རྒྱུ་ཡིན་པ་དང། ད་དུང་ཅེག་གྲོས་ཚོགས་གོང་འོག་གི་མདུན་ངོས་ལ་བོད་ཀྱི་རྒྱལ་དར་བསྒྲེངས་རྒྱུ་ཡིན་སྐོར་གསུངས་སོང་།

ཁོང་གིས་མུ་མཐུད་གསུངས་གསལ། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་པོ་ཝེ་ཁ་ལ་ ཧ་ཝེལ་(Vaclav Havel)   ནི་མི་རིགས་ཕན་ཚུན་གྱི་མཛའ་བརྩེའི་མཐུན་འབྲེལ་ལ་དགའ་ཞེན་དང་། དྲང་བདེན་ལ་རྒྱབ་སྐྱོར། དེ་བཞིན་འཆམ་མཐུན་གྱི་རླབས་ཆེན་དགོངས་གཞི་ཡོད་པ་བཞིན། ཁོང་གིས་བོད་ཀྱི་འཐབ་རྩོད་དང་རང་དབང་ལ་རྒྱབ་བསྐྱོར་བྱས་པ་དང་མཉམ་རྒྱལ་དབང་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཅེག་རྒྱལ་ཁབ་དེ་རང་དབང་སླར་གསོ་བྱས་ནས་ཟླ་ཅིག་ཙམ་ནང་མགྲོན་འབོད་ཞུས་སྐོར་གསུངས་སོང་།

དེ་བཞིན་ང་ཚོ་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་ལ་ཡང་གཅིག་སྡུད་སྲིད་གཞུང་གི་ལམ་བུ་བྱུང་ནས་ལོ་ངོ་བཅུ་ཕྲག་ལྷག་སོང་མྱོང་ཡོད། ང་ཚོ་ད་ལྟ་ཡིན་རུང་སོ་ཝེ་ཊི་(Soviet) དཔུང་དམག་གི་དྲག་རྒོལ་བཙན་ཤེད་ལ་གདོང་ལེན་བྱེད་མུས་ཡིན། དེར་བརྟེན་ང་ཚོས་རྒྱལ་ཁབ་སུ་འདྲ་ཞིག་ལ་དེ་ལྟར་དཀའ་སྡུག་དང་དྲག་གནོན་གྱི་བཙན་ཤེད་འོག་ཡོད་པ་ཐམས་ཅད་ལ་བསམ་ཤེས་བྱེད་ཐུབ་ཀྱི་འདུག།  མ་ཟད་རྒྱ་ནག་དམར་པོའི་གཞུང་གིས་ཀྱང་དེ་ལྟར་བོད་ལ་ལོ་མང་རིང་དྲག་གནོན་དང་བཙན་ཤེད། བོད་མི་རིགས་རྩ་མེད་བཟོ་རྒྱུའི་ཐོག་འབད་བརྩོན་བྱེད་བཞིན་ཡོད་པས། ང་ཚོ་ཚང་མས་དེའི་ཐད་གདོང་ལེན་བྱེད་དགོས་ངེས་རེད། བོད་ཀྱི་རང་དབང་འཐབ་རྩོད་དེ་གཞི་རྩའི་བོད་མི་རིགས་ཀྱི་རང་དབང་གི་སྲོག་ཤིང་ལྟར་ཡིན་པས། ང་ཚོ་ཅེག་སྐུ་ཚབ་ཚོགས་པ་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མི་ཚང་མ་བོད་རྒྱལ་ཁབ་ཆེན་པོའི་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་ལ་དུས་ནམ་ཡང་མཉམ་དུ་ཡོད་སྐོར་གསུངས་སོང།

 

གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོ་གྲོལ་བ་དང་། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་སྟེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག དྷ་སའི་གཙུག་ལག་ཁང་ནས་དྷ་སའི་ཀ་ཅ་རི་བར་དུ་མི་མང་གིས་རྒྱ་ནག་ལ་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད་པ་རེད། དེ་བཞིན་ཉིན་མོ་འདི་ནི་བཙན་བྱོལ་བོད་མི་གནས་སྡོད་བྱེད་སའི་ས་གནས་ཚང་མར་སྲུང་བརྩི་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་ཆེ་ཤོས་ཀྱི་དུས་ཚིགས་ཤིག་ཀྱང་ཡིན་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།