བོད་མིའི་དམངས་གཙོ་དབུ་བརྙེས་ནས་མི་ལོ་༦༤ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པ།
ལོ་ལྟར་ཕྱི་ཟླ་༩ པའི་ཚེས་༢ ཉིན་བོད་མིའི་དམངས་གཙོའི་ཉིན་མོ་སྲུང་བརྩི་ཞུ་སྲོལ་ཡོད་པ་བཞིན། དེ་རིང་ཕྱི་ཚེས་༢ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་དམངས་གཙོ་དབུ་བརྙེས་ནས་མི་ལོ་༦༤ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་གནང་སོང་།
འདི་ལོའི་དུས་ཆེན་གྱི་སྐུ་མགྲོན་གཙོ་བོ་བོད་དོན་རྒྱབ་སྐྱོར་བ་ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་དང་། གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་གཞུང་ཞབས་པ་གཙོས་པའི་སེར་སྐྱ་མང་པོ་ཞིག་མཉམ་ཞུགས་གནང་འདུག མཛད་སྒོའི་ཐོག་བཀའ་སྤྱི་གཉིས་གྱི་གསུང་འཕྲིན་ནང་དུ་ལོ་རྗེས་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པའི་གོ་སྟོན་གྱི་སྟ་གོན་དུ། ༸ཁོང་གི་མཛད་ཁུར་བཞི་ལས་དང་པོ་འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་གྱི་སྐོར། འདི་ལོའི་༸སྐུའི་འཁྲུངས་སྐར་གྱི་བཀའ་ཤག་གི་གཏམ་བཤད་དུ་ཞུས་ཟིན་པ་ལྟར། དེ་རིང་དུས་དྲན་གྱི་མཛད་སྒོའི་བཀའ་ཤག་གི་གཏམ་བཤད་ནང་དུ་༧གོང་ས་མཆོག་གི་མཛད་ཁུར་གཉིས་པ་སྟེ། ཆོས་ལུགས་མཐུན་སྒྲིལ་གྱི་སྐོར་ལ་མཛད་པ་སྐྱོང་རིམ་རགས་བསྡུས་སུ་དྲན་གསོ་ཞུ་ཆེད་དུ། འདས་པའི་དུས་ཡུན་ནང་༧གོང་ས་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་དང་འབྲེལ་བའི་མཛད་རྗེས་གང་བཞག་གནང་བ། རྒྱལ་ཁབ་ག་ཚོད་ནང་ཕེབས་ཡོད་པ། ཆོས་ལུགས་ཁག་གི་དབུ་ཁྲིད་རྣམས་དང་མཇལ་འཕྲད་གནང་བ། དེ་བཞིན་དཔེ་དེབ་ག་ཚོད་ལྗགས་རྩོམ་བརྩམས་མཛད་པ། བགྲོ་གླེང་དང་བཅར་འདྲི་ག་ཚོད་གནང་ཡོད་མེད་སོགས་དང་།
དེ་བཞིན་༧གོང་ས་མཆོག་གིས་ཆོས་ལུགས་གཙོ་ཆེ་བ་ཚང་མའི་བསླབ་བྱ་གཙོ་བོ་འཚེ་བ་མེད་པ་ཞེས་པ་འདི་གཅིག་གྱུར་དུ་གསུང་གི་ཡོད་པ། འཚེ་བ་མེད་པ་ནི་བྱམས་བརྩེ་ཡིན། བྱམས་བརྩེ་ཉམས་ལེན་གྱི་འགལ་རྐྱེན་ཁོང་ཁྲོ་ཡིན། དེའི་གཉེན་པོ་བཟོད་པའི་ཉམས་ལེན་དང་། སུ་ཞིག་གིས་གནོད་པ་བྱས་ཀྱང་དེ་ལ་འཁོན་འཛིན་མི་བྱེད་པ་དེ་དག་གཅིག་གྱུར་ཡིན། མིའི་ཁམས་དང་མོས་པ་མི་འདྲ་བ་ལ་ལྟ་གྲུབ་ཀྱང་མི་འདྲ་བ་དགོས་པ་ཡིན་ཞེས་པ་དང་། འཛམ་བུ་གླིང་གི་རིས་སུ་མ་ཆད་པའི་ཆོས་ལུགས་ཁག་ཚང་མ་ཐུགས་མཐུན་ཁྲིམས་གཙང་གི་ཐོག་ནས་ཕན་ཚུན་གྱི་གནས་ཚུལ་ཤེས་རྟོགས་བྱས་པ་ཡིན་ན་མཐུན་སྒྲིལ་ཡོང་ཐུབ་པ་ཡིན་ཞེས་གསུངས་ཤིང་། ཆོས་ལུགས་པ་དང་ཆོས་ལུགས་ཀྱི་རྗེས་འབྲང་པ་རྣམས་ཀྱིས་སོ་སོའི་ལྟ་གྲུབ་དང་ཆོ་ག་ཕྱག་ལེན་གང་ཡིན་བསྲེ་ལྷད་མེད་པར་ཉམས་ལེན་ཞུ་བ་དང་དུས་མཚུངས་སུ། འགྲོ་བ་མི་རྣམས་གཅིག་གྱུར་གྱི་འདུ་ཤེས་བཟུང་སྟེ་ཆོས་ལུགས་གཞན་དང་ཆོས་དད་མེད་མཁན་ཀུན་ལ་གུས་བརྩི་བྱ་རྒྱུ་གལ་ཆེན་དུ་གསུང་གི་ཡོད་པ་སོགས་འཁོད་འདུག་ལ།
དེ་བཞིན་བཀའ་སྤྱི་གཉིས་ཀྱི་གསུང་འཕྲིན་ནང་དུ་ད་ལྟའི་བོད་ནང་གི་གནང་སྟངས་སྐོར་འཁོད་དོན་ལ། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་དང་། མི་རིགས་ཀྱི་ངོ་བོ་ནག་བསུབ། མི་ཚེ་སྐྱེལ་སྟངས་བཙན་བསྒྱུར་ལྟེ་བར་དམིགས་པའི་སྲིད་ཇུས་དེའི་ཆ་ཤས་སུ། བོད་མི་རིགས་དང་བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་དང་བཟོ་བཀོད། རི་མོ་སོགས་བཤིག་གཏོར་དང་། བོད་ཕྲུག་ས་ཡ་གཅིག་ལྷག་མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་གཏན་འཇགས་སློབ་གྲྭའི་ནང་ཕྱི་རྒྱར་སྒོ་བསྡམས་ཀྱིས་རྒྱའི་སྐད་ཡིག་དང་ལྟ་སྤྱོད་སློབ་སྤེལ་བྱེད་བཞིན་པའི་ཐོག །དེ་དག་གི་དཔེ་མཛོད་ཁང་དུ་ཡོད་པའི་ཆོས་ལུགས་དང་། ལོ་རྒྱུས། རིག་གནས་སོགས་བོད་མི་རིགས་དང་འབྲེལ་ཡོད་ཀྱི་དཔེ་དེབ་ཆ་ཚང་ཕྱིར་བསྡུ་དང་། སློབ་གྲྭའི་དཀྱིལ་འཁོར་དུ་ཐོན་མི་སཾ་བྷོ་ཊ་དང། གནའ་དེང་མཁས་པ་སོགས་ལོ་རྒྱུས་མི་སྣའི་པར་རིས་དང་སྐུ་བརྙན་རྣམས་སློབ་ཕྲུག་གི་མཐོང་ལམ་དུ་མི་མངོན་པར་བྱས་པ་སོགས་ཀྱི་གནས་ཚུལ་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད་པ།
འདི་ལོའི་ཕྱི་ཟླ་ ༦ ནང་ཨ་མདོ་རྔ་བ་ཁུལ་དུ་དགེ་འདུན་པ་དང་བཙུན་མ་བརྒྱ་ཕྲག་དུ་མ་དགོན་པ་ནས་བཙན་དབང་གིས་ཕྱིར་འབུད་དང་། ཕྱི་ཟླ་ ༦ པའི་ནང་དུས་རབས་ ༡༩ ནང་བཞེངས་སྐྲུན་གནང་བའི་ཨ་ཚོགས་དགོན་པ་ཤུལ་མེད་དུ་གཏོར་བ། ཕྱི་ཟླ་ ༧ ནང་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་སྒོ་བརྒྱབ་པ་སོགས་ཡ་ང་བའི་གནས་ཚུལ་འདི་དག་གིས་རྒྱ་ནག་གུང་ཁྲན་སྲིད་གཞུང་ནི་མང་གཙོ་དང་རང་དབང་། དྲང་བདེན། འདྲ་མཉམ། འཆམ་མཐུན་བཅས་འགྲོ་བ་མིའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་ལས་ལྡོག་སྟེ། མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་གདུག་རྩུབ་ཆེ་བའི་མུན་ནག་དུས་རབས་ནང་ཕྱིར་བཤིག་རྒྱག་གི་ཡོད་པ་གསལ་པོ་ཆགས་ཡོད་པ། རྒྱ་གཞུང་གིས་སོ་སོའི་ངན་སྤྱོད་དེ་རིགས་ཕྱི་ལ་སྦས་སྐུང་ཡང་བྱེད་ཀྱི་མེད།
ཕྱི་ཟླ་ ༧ ཚེས་ ༡༢ ཉིན་ཨ་རིའི་སྲིད་འཛིན་བྷའེ་ཌན་མཆོག་གིས་ཆོག་མཆན་གསལ་བསྒྲགས་གནང་བའི་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་ཡིག་ཏུའང་།རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ད་ལྟའི་སྲིད་ཇུས་དེས་འཆར་གཞི་ལྡན་པའི་སྒོ་ནས་བོད་མི་ཚོས་སོ་སོའི་ཆོས་དང༌། རིག་གཞུང༌། སྐད་ཡིག །ལོ་རྒྱུས། མི་ཚེ་སྐྱེལ་སྟངས་དང་ཁོར་ཡུག་བཅས་སྲུང་སྐྱོབ་བྱེད་པའི་ནུས་སྟོབས་ལ་འགོག་གནོན་བྱེད་བཞིན་ཡོད་ཅེས་རྒྱ་གཞུང་གི་ངན་ཇུས་ཐེར་འདོན་མཛད་ཡོད་པ་མ་ཟད། ཁྲིམས་ཡིག་དེའི་ནང། བོད་ཀྱི་ལོ་རྒྱུས་དང་། བོད་རྒྱའི་རྩོད་རྙོག་གི་གནས་བབ། རྩོད་རྙོག་སེལ་ཐབས་ཐོག་ཨ་རི་གཞུང་གི་སྲིད་ཇུས་བཅས་གསལ་ཡོད་པའི་སྐོར་འདི་ལོའི་༸སྐུའི་འཁྲུངས་སྐར་གྱི་གཏམ་བཤད་དུ་རོབ་ཙམ་ཞུས་ཟིན་པ་ལྟར་ཡིན་པ། དེ་བཞིན་དུ་ཁེ་ན་ཌའི་གྲོས་ཚོགས་ནས་ཕྱི་ཟླ་ ༦ ནང་སྤྱི་མོས་ཀྱི་གྲོས་ཆོད་ཅིག་བཞག་པའི་ནང་། བོད་མི་མང་དང་རྒྱལ་ཁབ་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པས། ཕྱིའི་གནོན་ཤུགས་གང་ཡང་མེད་པའི་སྒོ་ནས་སོ་སོའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་དང་ཆོས་ལུགས་སྲིད་ཇུས་རང་དབང་གི་སྒོ་ནས་འདོད་འདེམས་བྱེད་ཆོག་སྐོར་བཀོད་འདུག་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མི་ཚོར་འཆར་གཞི་ལྡན་པའི་སྒོ་ནས་རིག་གཞུང་འདྲེས་བསྲེའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་སོགས་གསལ་འདོན་གནང་ཡོད་པའི་སྐོར་དང་།
གཞན་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་ནང་དུ། འདས་པའི་དུས་ཡུན་ནང་༧གོང་ས་མཆོག་གིས་བོད་མིའི་དམངས་གཙོའི་འཕེལ་རིམ་དང་འབྲེལ་བའི་མཛད་རྗེས་ཁག་དང་ཁོང་གི་ཐུགས་དགོངས། དེ་བཞིན་བོད་མིའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱས་པ་སོགས་ལ་བཀའ་དྲན་རྗེས་དྲན་དང་། བོད་ནང་གི་ད་ལྟའི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་ཡོད་པར་བརྟེན་རྒྱལ་སྤྱིའི་ཁྱོན་ཡོངས་ནས་བོད་དོན་ཤེས་རྟོགས་དང་རྒྱབ་སྐྱོར་ཐོབ་ཆེད། བོད་མི་མང་སྤྱི་འཐུས་རྣམ་པ་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་བོད་དོན་ཞུ་སྐུལ་ལས་རིམ་འགྲོ་བཞིན་པ་ལྟར། འདི་ལོའི་ཟླ་ ༨ པའི་ནང་ཨོ་སི་ཊོ་ལི་ཡ་དང་། ནིའུ་ཛི་ལེན་ཌིར་བོད་དོན་ཞུ་སྐུལ་ལེགས་གྲུབ་བྱུང་ཡོད་པ་དང་། དེ་བཞིན་ཨ་རིའི་གྲོང་ཁྱེར་ (Chicago) ནང་ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་གིས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་ཚོགས་འདུ་ (International Leaders Forum) ཞེས་པའི་ནང་མཉམ་ཞུགས་དང་བོད་དོན་ཞུ་སྐུལ་གང་ལེགས་བྱུང་ཡོད།
འབྱུང་འགྱུར་ཕྱི་ཟླ་བཅུ་པ་དང་བཅུ་གཅིག་པའི་ནང་མུ་མཐུད་ཡུ་རོབ་རྒྱལ་ཁབ་ཁག་ཏུའང་བོད་དོན་ཞུ་སྐུལ་ལས་རིམ་སྒྲིག་བཞིན་ཡོད། དེ་བཞིན་ཉེ་ཆར་རྒྱ་གར་དབུས་གཞུང་གི་སྔོན་རྩིས་གྲོས་ཚོགས་དང་བསྟུན། བོད་མི་མང་སྤྱི་འཐུས་ཚོགས་གཙོས་སྣེ་འཁྲིད་པའི་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་སྡེ་ཚན་གཉིས་ལ་ཆ་བགོས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འདི་ལོའི་ཟླ་ ༨ པའི་ཚེས་ ༥ ནས་ ༩ བར་བོད་དོན་ཞུ་སྐུལ་གྱིས་ཐེངས་འདིར་རྒྱ་གར་དབུས་གཞུང་གི་བློན་ཆེན་ ༢ དང་། རྒྱ་གར་མངའ་སྡེ་ཁག་ ༡༨ དང་། སྲིད་དོན་ཚོགས་པ་ཆེ་ཁག་ ༡༡ སོགས་ཁྱོན་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ ༢༨ དང་། དེ་བཞིན་ཆབ་སྲིད་ཀྱི་དབུ་ཁྲིད་སོགས་གནད་ཡོད་མི་སྣ་གྲངས་ ༤༤ དང་ལྷན་དུ་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ཞུ་སྐུལ་གནང་བ་དང་། ལྷག་པར་དུ་རྒྱ་གར་སྲིད་དོན་ཚོགས་པ་ཡོངས་ཀྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོའི་མཛད་སྒོ་བསྐྱངས་ཤིང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་བྷར་ཏུར་ཧ་རི་ མཱ་ཊབ་ (Shri Bhartruhari Mahtab) མཆོག་དང་། ཚོགས་གཞོན་དུ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཊ་པིར་ གྷའོ་ (Shri Tapir Gao) མཆོག་གཉིས་སུ་གཏན་ཁེལ་གནང་ཐུབ་པ་བྱུང་ཡོད་པ་སོགས་བཀོད་འདུག
དེ་བཞིན་ཐེངས་འདིའི་མཛད་སྒོའི་སྐུ་མགྲོན་ཨེ་སི་ཊོ་ནི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་། གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་གཅིག་ལྕོགས་(Juku-kalle Raid)གཙོས་པའི་གྲོས་ཚོགས་འཐུས་མི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མིའི་དམངས་གཙོའི་ཉིན་མོར་སྐུ་མགྲོན་དུ་ཕེབས་ཡོད་པ་བཞིན། གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་དང་། ཁོང་ཚོས་བོད་དོན་ཆེད་དུ་གཞན་གང་ཡང་མི་ཐུབ་ཀྱང་། བོད་དོན་འཐབ་རྩོད་ཆེད་དུ་ཁོང་ཚོ་ཡང་བོད་མི་དང་བོད་དོན་ཆེད་དུ་ལངས་ཡོད་ཅེས་དང་། མ་འོངས་པར་བོད་མི་ཚོས་མུ་མཐུད་ནས་རང་དབང་འཐབ་རྩོད་བྱས་ན་ཉིན་ཞིག་རང་དབང་རག་གི་རེད་། ཁོང་ཚོའི་ཕ་མ་ཚོ་ཨུ་རུ་སུའི་བཙན་གནོན་འོག་ཡུན་རིང་དཀའ་སྡུག་འཕྲད་ཡོད་ཀྱང་། ད་ཆར་རང་དབང་རང་བཙན་རག་ཡོད་པས་མ་འོངས་པར་བོད་ལ་ཡང་རང་དབང་རང་བཙན་རག་གི་རེད་ཅེས་བརྗོད་གནང་སོང་།
ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམས་རྡ་སར་གཟིགས་སྐོར་ཕེབས་པ་དེ་ལ། རྒྱ་ནག་གཞུང་གིས་ངོ་རྒོལ་ཡོད་ཚུལ་གྱི་ཡི་གེ་ཞིག་ཨེ་སི་ཊོ་ནི་ཡ་ལ་བཏང་ཡོད་འདུག ཡི་གེ་དེའི་ནང་ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཚབ་ཚོགས་ཆུང་རྡ་སར་ཕྱིན་པ་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ནི་ཁ་ཕྲལ་རིང་ལུགས་ཡིན་པ། ༧གོང་ས་མཆོག་གིས་ཁ་ཕྲལ་རིང་ལུགས་པའི་བྱ་སྤྱོད་སྤེལ་གྱི་ཡོད་ཚུལ་སོགས་ཀྱི་སྐྱོན་བརྗོད་དང་། དེ་བཞིན་བོད་ནི་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་སོགས་བརྗོད་འདུག མཛད་སྒོའི་གཏམ་བཤད་མཇུག་གྲུབ་མཚམས་འདི་ལོའི་འཛིན་རིམ་༡༢ ཡིག་རྒྱུགས་ཁྲོད་ཚན་རིག་དང་། ཚོང་ལས། བྱུང་རིམ་སྡེ་ཚན་བཅས་ཐོན་པའི་ཨང་རིམ་རྩེར་སོན་གྱི་སློབ་མ་རྣམས་ལ་དགའ་ལྡན་ཕོ་བྲང་བྱ་དགའ་དང་། ཕུལ་བྱུང་བྱ་དགའ་སོགས་གནང་སོང་ལ། དེ་བཞིན་འབུམ་རམས་པ་སློབ་ཐོན་རྣམས་ལ་ལེགས་སོའི་བྱ་དགའ་གནང་སོང་། གཞན་ཡང་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་ནས་མི་ལོ་༢༥ སོན་པའི་ལས་བྱེད་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་འཁྱེར་རེ་དང་རྒྱལ་དར་རེ་བཅས་གནང་སོང་།
གསར་འགོད་པ། བསོད་ནམས་ཕུན་ཚོགས།