བོད་མིའི་མང་གཙོའི་དུས་ཆེན་ཐེངས་༦༡ པ་གངས་སྐྱིད་དུ་སྲུང་བརྩི་བྱས།
དེ་རིང་ཞོགས་པར་དྷ་ས་གངས་སྐྱིད་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་མང་གཙོའི་དུས་ཆེན་ཐེངས་༦༡ པ་སྲུང་བརྩི་ཞུ་བའི་གཞུང་འབྲེལ་མཛད་སྒོ་འཚོགས་པའི་ཐོག མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་རྒྱུན་ལས་འདེམས་སྒྲིག་ཐུབ་མེད་པས། དེ་ནི་ཉེ་བའི་ཟླ་ཤས་ནང་གི་གཞུང་འབྲེལ་མཛད་སྒོ་གལ་ཆེན་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་མེད་པ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད།
དེ་རིང་ཞོགས་པར་དྷ་ས་གངས་སྐྱིད་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་མང་གཙོའི་དུས་ཆེན་ཐེངས་༦༡ པ་སྲུང་བརྩི་ཞུ་བའི་གཞུང་འབྲེལ་མཛད་སྒོ་འཚོགས་པའི་ཐོག མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་རྒྱུན་ལས་འདེམས་སྒྲིག་ཐུབ་མེད་པས། དེ་ནི་ཉེ་བའི་ཟླ་ཤས་ནང་གི་གཞུང་འབྲེལ་མཛད་སྒོ་གལ་ཆེན་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་མེད་པ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད།
གཞུང་འབྲེལ་མཛད་སྒོའི་ཐོག བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གཏོང་བ་དང་། རྩེད་ཕུད་སློབ་མ་ཚོར་གཟེངས་རྟགས་སྤྲོད་པ་ལ་སོགས་པའི་འཆར་ཅན་གྱི་བྱེད་སྒོ་ཁག་གྲུབ་རྗེས། སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བཀའ་ཤག་གི་གཞུང་འབྲེལ་གསུང་བཤད་སྒྲོགས་སྦྱང་གནང་སོང་།
བཀའ་ཤག་གི་གསུང་བཤད་ནང་། ཁོང་གིས་“ད་ལྟའི་ཆར་འཛིན་སྐྱོང་གི་ངོས་ནས་ལས་དོན་བྱེད་སྒོ་ཁག་འཐུས་ཤོར་མེད་པར་སྒྲུབ་མུས་ཡིན་ནའང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚུགས་མ་ཐུབ་པར་བརྟེན། གྲོས་ཚོགས་ཀྱི་ཁྲིམས་བཟོའི་ལས་འགན་དང་། རྒྱུན་ལས་ལྷན་ཚོགས་ཀྱི་ལས་འགན་ཡོངས་རྫོགས་འགག་ཡོད་པ་མ་ཟད། རྒྱ་ནག་གི་གནས་སྟངས་དང་། རྒྱལ་སྤྱིའི་འགྱུར་འགྲོས་ལ་བསྟུན་པའི་འཆར་འཕར་ལས་དོན་རྩོམ་པའི་གོ་སྐབས་མང་དག་ཅིག་ཡོད་པ་རྣམས་གྲོས་ཚོགས་ཀྱི་ངོས་ནས་ལེན་ཐུབ་ཀྱི་མེད་”གསུངས་པའི་ཐོག “རྒྱ་གཞུང་ནས་གནད་དོན་དེ་བེད་སྤྱོད་ལོག་པར་བཏང་སྟེ་བོད་ནང་གནས་ཚུལ་རྫུན་སྒྲོག་དང་། བཙན་བྱོལ་ནང་དབྱེན་དཀྲུག རྒྱལ་སྤྱིའི་ཐོག་བེད་སྤྱོད་ལོག་པར་གཏོང་བཞིན་པའི་གནས་ཚུལ་ཇི་སྙེད་ཅིག་བཀའ་ཤག་ལ་སྙན་གསན་ཞུ་མཁན་བྱུང་བ་དང་། དེའི་ཐོག་རང་ཅག་ལ་མཛའ་སེམས་འཆང་མཁན་གྱི་གཞུང་དང་། གྲོས་ཚོགས། བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་གིས་སེམས་འཚབ་དང་། བློ་གཡེང་བྱེད་བཞིན་འདུག་ཅིང་། བོད་ནང་ནས་དཀའ་རྙོག་དེ་འཕྲལ་དུ་སེལ་མ་ཐུབ་ཚེ་རྩ་དོན་ལས་འགུལ་སྤེལ་མཚམས་འཇོག་རྒྱུ་ཡིན་ལུགས་ཀྱི་བརྡ་ལན་བཏང་འབྱོར་བྱུང་ལ། རང་རེའི་སྤྱི་ཚོགས་ཆུང་ངུ་འདིའི་ནང་དུའང་འཁོས་བག་མ་ཕེབས་པའི་སེམས་ཚོར་སྟོན་མཁན་འདྲ་མིན་ཡོང་བཞིན་ཡོད་པ་ཚང་མས་མཁྱེན་གསལ་ལྟར་རེད་”ཅེས་བསྣན་སོང་།
ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་སམ་བཙན་བྱོལ་བོད་གཞུང་ལ་ལོ་ངོ་བཅུ་ཕྲག་ནང་གི་དཀའ་ཉེན་ཆེ་ཤོས་དེ་འཕྲད་བཞིན་ཡོད་དེ། འདི་ལོའི་ཕྱི་ཟླ་༦ ཚེས་༨ ཉིན་སྐབས་༡༧ པའི་སྤྱི་འཐུས་རྣམ་པ་དམ་འབུལ་ཞུ་བའི་མཛད་སྒོ་ཞིག་འཚོགས་པའི་སྐབས། སྤྱི་འཐུས་ཤོག་ཁག་གཉིས་སུ་བྱེ་ནས་ཤོག་ཁག་གཅིག་གིས་བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་གི་མདུན་ནས་དམ་འབུལ་བྱས་ན་ཡང་། ཤོག་ཁག་གཞན་དེས་བར་བརྒལ་ཚོགས་གཙོས་འདི་ལོའི་ཕྱི་ཟླ་༣ པའི་གྲོས་ཚོགས་ནང་འཕོ་འགྱུར་བཏང་ཟིན་པའི་ཁྲིམས་ཞིབ་པའི་མདུན་ནས་དམ་འབུལ་བྱས་པ་དེ་ཁྲིམས་མཐུན་ལ་ངོས་ལེན་བྱེད་ཐབས་བྲལ་ཡོད་ཅེས་བཤད་དེ་༧གོང་ས་མཆོག་གི་སྐུ་པར་དང་བཅའ་ཁྲིམས་ཀྱི་མདུན་ནས་དམ་འབུལ་བྱས།
དེ་ལྟར་སྤྱི་འཐུས་ཤོག་ཁག་གཉིས་སུ་བྱེ་བའི་རྗེས། ཕྱོགས་གཉིས་ཀས་སོ་སོའི་ལངས་ཕྱོགས་ཁོ་ན་བཟུང་སྟེ་“དབུ་མའི་ལམ་”ཞིག་འཚོལ་མ་ཐུབ་པར་བརྟེན། སྐབས་༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་འདེམས་ཐུབ་མེད་པ་དང་། དེའི་དབང་གིས་སྐབས་༡༦ པའི་བཀའ་ཤག་གི་བཀའ་བློན་རྣམས་ཀྱང་བསྐོ་མ་ཐུབ་པར་ལུས་ཡོད།
དེ་རིང་གི་མཛད་སྒོའི་ཐོག སྲིད་སྐྱོང་སྤེན་པ་ཚེ་རིང་གིས་“སྐབས་གསར་པའི་བཀའ་ཤག་གི་ངོས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་མཐུན་པའི་ཐབས་ཚུལ་གང་ལའང་མཐུན་འགྱུར་རྒྱབ་སྐྱོར་ཞུ་ངེས་ཡིན་པ་དང་། འབྲེལ་ཐོགས་སོ་སོས་ཀྱང་འདི་མུར་གནས་ན་ཁེ་གྱོང་ཇི་ཆགས་དགེ་སྐྱོན་གཞལ་བསྡུར་གྱིས། ལོ་རྒྱུས་དང་མི་རིགས་ལ་འགན་ཁུར་པའི་ཐོག་ནས་བསམ་ཞིབ་གདམ་ག་མ་ནོར་བ་བྱེད་དགོས་པའི་དུས་ལ་བབས་འདུག་ཅེས་གོ་སྐབས་འདི་བརྒྱུད་ནས་ཞུ་འདོད་བྱུང་ཞིང་། བཅའ་ཁྲིམས་དང་མཐུན་པར་གྲོས་ཚོགས་ཚུགས་མ་ཐག་ཏུ། བཀའ་ཤག་གིས་སྤྱི་འཐུས་ལྷན་ཚོགས་དང་མཉམ་དུ་བཅའ་ཁྲིམས་ཀྱི་ལས་བགོས་གཞིར་བཟུང་བོད་སྤྱི་པའི་རྩ་དོན་དང་། མང་ཚོགས་ཀྱི་བདེ་དོན་ཐོག་ཐུན་མོང་གིས་འབད་བརྩོན་ཞུ་རྒྱུའི་གྲ་སྒྲིག་ཨང་གསར་དང་ཆོད་སེམས་བརྟན་པོ་ཡོད། དེ་མིན་འདི་མུར་མཁྲེགས་རེངས་ངང་ལྷག་ཚེ། དེའི་མཇུག་འབྲས་ནི་བོད་མིའི་སྒྲིག་འཛུགས་སྦོ་ལུག་རྒྱུ་ཉག་ཅིག་ལས་མེད་པས། བོད་མི་སུ་ཞིག་གིས་ཀྱང་མཐའ་འབྲས་དེ་ལྟ་བུ་ཞིག་མཐོང་འདོད་མེད་ཅིང་། འབྲས་བུ་དེ་ལྟ་བུ་ལས་བོད་མི་སུ་ལའང་ཁེ་ཕན་འཐོབ་མི་སྲིད་”ཅེས་གསུངས་སོང་། །
གསར་འགོད་པ་དཀོན་མཆོག་རབ་བརྟན།