བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་༡༩ དབུ་འཛུགས།
ཟླ་འདིའི་ཚེས་༢༣ ཉིན་གྱི་སྔ་དྲོ་བཞུགས་སྒར་དྷ་ས་གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་ཁང་ཆེན་མོའི་ནང་། བོད་མིའི་སྤྱི་མཐུན་མཉམ་འབྲེལ་དང་ས་གནས་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་༡༩ པའི་དབུ་འབྱེད་མཛད་སྒོ་འཚོགས་སོང་།
ཟླ་འདིའི་ཚེས་༢༣ ཉིན་གྱི་སྔ་དྲོ་བཞུགས་སྒར་དྷ་ས་གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་ཁང་ཆེན་མོའི་ནང་། བོད་མིའི་སྤྱི་མཐུན་མཉམ་འབྲེལ་དང་ས་གནས་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་༡༩ པའི་དབུ་འབྱེད་མཛད་སྒོ་འཚོགས་སོང་།
ཉིན་གསུམ་གྱི་ཚོགས་ཆེན་དེའི་དབུ་འབྱེད་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས། ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ། དེ་བཞིན་བཀའ་བློན་རྣམ་པ། སྤྱི་འཐུས་ཁག་ཅིག དབུས་བོད་མིའི་སྒྲིག་འཛུགས་རང་དབང་ཅན་གྱི་སྡེ་ཚན་ཁག་གསུམ་གྱི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་བཅས་ཕེབས་པ་དང་། སྐུ་མགྲོན་རྣམ་པས་ཤས་བདག་མཉམ་འབྲེལ་ཚོགས་མིའི་ཕྲུ་གུ་༡༠ ཡི་མིང་གཞུང་རྒྱན་དཀྲུགས་ཀྱིས་མཉམ་འབྲེལ་སློབ་ཡོན་ཐོབ་མཁན་རྣམས་གསལ་བསྒྲགས་གནང་བ་མ་ཟད། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཕྱི་ལོ་༢༠༡༨-༢༠༡༩ ལོའི་རྩིས་ཁུངས་ནས་ས་གནས་མཉམ་འབྲེལ་རེ་ལ་སྒོར་འབུམ་གཉིས་རེ་གསོལ་རས་སུ་བསྩལ་སོང་།
མཛད་སྒོའི་ཐོག་ཏུ་དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་གསུང་བཤད་གནང་བའི་ནང་། བོད་མིིའི་མཉམ་འབྲེལ་ཁག་ནི་བོད་མིའི་སྤྱི་མཐུན་གྱི་དཔལ་འབྱོར་དང་། སྤྱི་ཚོགས་ཀྱི་ཁེ་ཕན་ངེས་ཅན་ཞིག་བསྒྲུབ་རྒྱུའི་སླད་དུ་རང་དབང་དང་འདྲ་མཉམ་གྱི་སྒོ་ནས་དང་བླང་གིས་འཛུལ་ཞུགས་དང་། མང་གཙོའི་སྟངས་འཛིན་བྱས་པའི་ཚོགས་པ་ཞིག་ཡིན་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཟུང་འོག བོད་མིའི་སྡོད་སྒར་ཕལ་མོ་ཆེའི་ནང་གནས་ཡུལ་ས་གནས་སོ་སོའི་ཁྲིམས་ལུགས་འོག་མཉམ་འབྲེལ་ཚོགས་པ་གསར་འཛུགས་གནང་ཞིང་། ལས་རིམ་དེ་ཧ་ཅང་གལ་ཆེར་བརྩིས་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་སྐབས། མཉམ་འབྲེལ་གྱི་ལས་དོན་སྐོར་དོན་ཚན་ཟུར་འབྱེ་གནང་སྟེ་བཅའ་ཁྲིམས་འོག་ཆ་རྐྱེན་བསྩལ་ཡོད་པ་དེ་དག་གནས་སྐབས་ཀྱི་དཔལ་འབྱོར་དང་ཁྲིམས་ཀྱི་ཁེ་ཕན་ཙམ་ལ་དམིགས་པ་ཞིག་མ་ཡིན་པར་ནང་ཁུལ་འཚེ་བ་དང་འགྲན་བསྡུར་མ་བསླེབས་པའི་དཔལ་འབྱོར་གྱི་ལམ་སྲོལ་ཟབ་མོ་ཞིག་སྐྲུན་རྒྱུའི་ཐུགས་འདུན་བཅངས་ཡོད་སྐོར་གསུངས་པ་མ་ཟད། ས་གནས་སོ་སོའི་འགན་འཛིན་དང་ས་གནས་དེ་གའི་མཉམ་འབྲེལ་བར་འཆམ་མཐུན་མཉམ་རུབ་ཀྱིས་ལས་དོན་སྒྲུབ་གལ་ཆེན་ཤིན་ཏུ་ཆེ་སྐོར་གསུངས་སོང་།
དེའི་རྗེས་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེས་གསུང་བཤད་གནང་སྐབས། ཁོང་གིས་”སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་གཞིས་ཆགས་སྲ་བརྟན་དགོས་པ་དང་། མཉམ་འབྲེལ་དེ་དག་ག་འདྲ་བྱེད་ཀྱི་འདུག་ཅེས་བཀའ་རྩད་ཕེབས་ཀྱི་འདུག་པ་མ་ཟད། མཉམ་འབྲེལ་ཁག་ལ་དགའ་ལྡན་ཕོ་བྲང་དང་བཀའ་ཤག་ནས་ཕྱག་རོགས་གནང་དགོས་པའི་ལམ་སྟོན་ཕེབས་ཀྱི་འདུག དེར་བརྟེན་ད་བར་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་གང་ཐུབ་ཅི་ཐུབ་གནང་ཡོད་པ་མ་ཟད། མ་འོངས་པར་མཐུན་རྐྱེན་སྦྱར་དགོས་རིགས་ཡོད་ན། ང་ཚོའི་ངོས་ནས་འབད་བརྩོན་ཞུ་རྒྱུ་ཡིན་”ཞེས་གསུངས་པ་མ་ཟད། བཀའ་ཤག་གི་ངོས་ནས་ཀྱང་ལྔ་དང་ལྔ་བཅུའི་འཆར་སྣང་སྐོར་བགྲོ་གླེང་མང་པོ་ཞིག་འགྲོ་བཞིན་ཡོད་པ་དང། ལྔ་དང་ལྔ་བཅུའི་འཆར་སྣང་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དང་དགོངས་པ་རེད་ཅེས་ཞུས་ན་ནོར་བ་མེད་སྐོར་དང་། “ལྔ་ལ་རྒྱལ་ཁ་ཐོབ་རྒྱུའི་རེ་བ་ཡོད་པ་མ་ཟད། ལྔ་བཅུ་ལའང་རྒྱལ་ཁ་ཐོབ་རྒྱུའི་རེ་བ་ཡོད་པའི་”སྐོར་གསུངས་སོང་།
གཞན་ཡང་གཞིས་ཆགས་སྲ་བརྟན་གྱི་ཐད་ལ་ཁོང་གིས་གཞིས་ཆགས་ཁག་གི་ཚོགས་ཁང་དང་སྒོ་རྭ་བཞེངས་སྐྲུན་བྱེད་པ་ཙམ་མ་ཡིན་པར་གཞི་རྒྱ་ཆེ་ས་ནས་སྲ་བརྟན་བཟོ་དགོས་པ་དང་། མི་སྒེར་ལ་འཆར་གཞི་ལས་འཆར་ཡོད་ན་མ་རྩ་གཏོང་རྒྱུ་གལ་ཆེ་བ་སོགས་གསུངས་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་དང་འབྲེལ་བའི་སྒྲིག་གཞིར་འགྱུར་བ་ཕྱིན་ཡོད་པས། ད་ལྟ་སྔོན་ཆད་ལྟར་ངེས་པར་དུ་སྐྱབས་བཅོལ་ལག་དེབ་མི་དགོས་པར་དཔྱ་ཁྲལ་ལག་དེབ་ཡོད་ན་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཞུགས་ཁོངས་སུ་ཡིག་རྒྱུགས་གཏོང་ཆོག་པའི་སྐོར་ཡང་གསུངས་སོང་།
ཉིན་གསུམ་རིང་གི་ཚོགས་ཆེན་དེའི་ཐོག མཉམ་འབྲེལ་ཁག་བཅོ་ལྔའི་ཚོགས་ཞུགས་པ་༧༠ ཙམ་མཉམ་ཞུགས་བྱས་ཡོད་པ་དང་། མ་འོངས་པར་མཉམ་འབྲེལ་ཁག་གི་ལས་དོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་བྱེད་ཀྱི་ཡིན་པ་རེད།།
གསར་འགོད་པ་དཀོན་མཆོག་རབ་བརྟན།