བོད་མིའི་སྒྲིག་འཛུགས་གཞུང་འབྲེལ་གྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས།

བོད་ཀྱི་གསར་ཁང་གི་པར།

བོད་མིའི་སྒྲིག་འཛུགས་གཞུང་འབྲེལ་གྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་༨༩ ཕེབས་པའི་སྐུའི་འཁྲུངས་སྲུང་བརྩི་ཞུས།
ཕྱི་ལོ་༢༠༡༤ ཕྱི་ཟླ་༧ ཚེས་༦ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཡིན་པ་བཞིན། འཛམ་གླིང་ས་ཕྱོགས་གང་སར་ནས་བོད་རིགས་གཙོས་མགོན་པོ་གང་ལ་མི་ཕྱེད་པའི་དད་པ་དང་། ལྷད་མེད་ཀྱི་དགའ་མོས་བྱེད་མཁན་རྣམས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་༨༩ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་དང་ཞུ་བཞིན་པ་ལྟར། བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་གཞུང་འབྲེལ་གྱིས་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་སོང་།

བོད་ཀྱི་བང་ཆེན་གསར་ཁང་གི་པར།

ཐེངས་འདིའི་དུས་སྟོན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་Shri Prem Singh Tamang དང་། དམིགས་བསལ་སྐུ་མགྲོན་ཨ་རུ་ན་ཅལ་ཁུལ་གྱི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་Shri Tapir Gao ། འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་Shri Mingma Norbu Sherpa ། ཁེ་ན་ཌ་ཨོན་ཊེ་རིའོ་མངའ་སྡེའི་ས་གནས་གྲོས་ཚོགས་ཚོགས་གཞོན་བུ་ཁྲིད་དཀར་པོ་ཆེ། གཞན་ཡང་འབྲས་ལྗོངས་མངའ་སྡེའི་བློན་ཆེན་དང་གྲོས་ཚོགས་འཐུས་མི་རྣམས་དང་། སུད་སི་Oelwill am Seeགྲོང་སྡེའི་སྤྱི་ཁྱབ་པ་གངས་གཞོན་ཚང་རྣམ་རྒྱལ་སོགས་ཕེབས་འདུག་ལ། གཞན་ཡང་བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་རྣམས་མཉམ་འཛོམས་བྱས་འདུག དང་ཐོག་ཟློས་གར་ཚོགས་པས་རྔ་རོལ་གྱི་རྩལ་སྟོན་རྗེས། འཁྲུངས་སྐར་གྱི་སྤྲི་གོར་བཏུབས་པ་དང་། གཞུང་ཞབས་ལས་བྱེད་ལ་གཟེངས་རྟགས་དང་སྐུ་མགྲོན་རྣམས་ལ་སྟོན་པའི་སྐུ་བརྙན་འབུལ་བ་སོགས་བྱས་ཤིང་། དེའི་རྗེས་སྐུ་མགྲོན་རྣམས་ཀྱི་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ནས་བཀའ་ཤག་གི་གསུང་བཤད་སྒྲོག་སྦྱངས་གནང་ཞིང་། དེའི་ནང་མགོན་པོ་གང་གི་མཛད་འགན་བཞིའི་ཐོག་ངོ་སྤྲོད་སྙིང་བསྡུས་ཤིག་འཁོད་ཡོད་པ་དང་། ལྷག་ཏུ་སྐུའི་དགོངས་པ་བྱམས་བརྩེ་དང་ཤེས་རབ་ཟུང་དུ་འབྲེལ་བའི་ཤེས་ཡོན་སྤྲོད་སྟངས་ཤིག་དེང་རབས་སློབ་གསོའི་ལམ་ལུགས་ཁོངས་སུ་འཇུག་གལ་ནན་སྐུལ་མཛད་པ་བཞིན། ད་ལྟའི་ཆར་རྒྱལ་༡༣༠ ལྷག་ནང་དངོས་སུ་ལག་བསྟར་དང་དེའི་ཐོག་རྒྱལ་སྤྱིའི་རང་བཞིན་ཅན་གྱི་བགྲོ་གླེང་བྱེད་བཞིན་པ། གཞན་ཡང་མགོན་པོ་གང་ཉིད་ད་བར་རྒྱལ་ཁབ་༦༠ ལྷག་ནང་ཐེངས་༣༠༠་མ་ཟིན་ཙམ་ཕྱོགས་ཕེབས་གནང་བ་དང་། རྒྱལ་ཁབ་སོ་སོའི་ཆབ་སྲིད་དང་ཆོས་ལུགས་ཁག་གི་དབུ་ཁྲིད་༥༠༠ མ་ཟིན་ཙམ་ཞིག་ལ་མཇལ་མོལ་གནང་བ། སྙན་གྲགས་ཅན་གྱི་གཙུག་ལག་སློབ་གཉེར་ཁང་བཅུ་ཕྲག་དྲུག་ཙམ་ཞིག་ཏུ་ཞབས་སོར་བཀོད་པ་སོགས།

སྐུའི་མཛད་ཕྲིན་མཐའ་ཡས་པའི་ཁྲོད་ནས་སྙིང་བསྡུས་ཤིག་ཞུས་གྲུབ་རྗེས་ལོ་རྗེས་མར་བཀའ་ཤག་གིས་རྣམ་པ་འདྲ་མིན་གྱི་ཐོག་ནས་༧གོང་ས་མཆོག་གི་གོ་སྟོན་ལོ་འཁོར་ཧྲིལ་པོར་སྲུང་བརྩི་ཞུ་གཏན་ཁེལ་བ་སོགས་འཁོད་འདུག དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོག་སྦྱངས་གནང་ཡོད་པ་དང་། གསུང་བཤད་ཀྱི་ནང་དུ། ༧གོང་ས་མཆོག་གིས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ཆུང་ནས་ད་བར་སྐུ་ལས་སྐྱོན་ཚུལ་སོགས་སྐུ་ཚེའི་མཛད་འཕྲིན་སྙིང་བསྡུས་སུ་བཀོད་དེ། མགོན་པོ་གང་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས། མགོན་པོ་གང་གིས་བླང་དོར་ལམ་སྟོན་མཛད་པ་གང་ཐུབ་ཀྱིས་ཉམས་ལེན་ཞུ་རྒྱུའི་དམ་བཅའ་བསྐྱར་ནན་ཞུ་རྒྱུ་དང་། བདག་ཅག་བོད་འབངས་ཡོངས་ཀྱིས་རྒྱལ་བའི་དགོངས་བཞེད་དང་བཀའ་སློབ་ལམ་སྟོན་བཞིན་སྙིང་སྟོབས་བསྐྱེད་དེ་ནུས་པ་མཉམ་སྤུངས་ཀྱིས་ཆིག་སྒྲིལ་ངང་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག བོད་དོན་བདེན་པའི་འཐབ་རྩོད་བཅས་ལ་ནུས་པ་གང་ཡོད་འདོན་ཐབས་ཞུ་དགོས་པ་སོགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལོ་ངོ་ཧྲིིལ་པོ་གཅིག་རིང་སྐུའི་གོ་སྟོན་རྒྱས་པ་ཞིག་སྲུང་བརྩི་དང་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་བཞིན། ཚོགས་སྒེར་ཁག་ནས་ཀྱང་དེ་བཞིན་གནང་ཐུབ་ན་ཡག་པོ་ཡོད་པའི་སྐོར་སོགས་འཁོད་འདུག གཞན་ཡང་ཉེ་ཆར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་བཞུགས་སྒར་དུ་ཕེབས་པའི་སྐོར་དང་འབྲེལ། ཁོང་རྣམས་གཙོས་པའི་བོད་དོན་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་མཁན་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་གྲོས་ཚོགས་བཅས་ལ་ཐུགས་རྗེ་ཆེ་སོགས་ཞུས་སོང་། 

མཇུག་དེར་ཚོགས་པ་ཁག་གིས་གཞས་སྣ་འཁྲབ་སྟོན་ཚར་རྗེས་དེ་རིང་སྔ་དྲོའི་གཞུང་འབྲེལ་གྱི་འཁྲུངས་སྐར་སྲུང་བརྩིའི་མཛད་རིམ་གྲུབ་ཡོད་པ་རེད། 

མི་མང་རྣམས་ཕྱི་དྲོར་མུ་མཐུད་གཞས་ཞབས་བྲོ་སོགས་ཡོད་འདུག 

གསར་འགོད་པ། བསྟན་འཛིན་ལམ་བཟང་།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།