བོད་མིའི་སྒྲིག་འཛུགས་ནས་“ལོ་ངོ་བདུན་ཅུའི་བཙན་འཛུལ་དང་དྲག་གནོན་”ཞེས་པའི་དཔེ་དེབ་དབུ་འབྱེད་དང་འགྲེམ་སྤེལ་བྱས་སོང་།

རྒྱ་ནག་གཞུང་གིས་ད་ལོའི་ཕྱི་ཟླ་༥ པའི་ནང་“༡༩༥༡ རྗེས་ཀྱི་བོད་ཀྱི་བཅིངས་གྲོལ་དང་། འཛུགས་སྐྲུན། འཕེལ་རྒྱས་”ཞེས་པའི་ཡིག་ཆ་ཞིག་བཏོན་པའི་ལན་དུ། བོད་མིའི་སྒྲིག་འཛུགས་ནས་“ལོ་ངོ་བདུན་ཅུའི་བཙན་འཛུལ་དང་བཙན་གནོན་”ཞེས་པའི་དཔེ་དེབ་དབུ་འབྱེད་དང་འགྲེམ་སྤེལ་བྱས་སོང་། 

རྒྱ་ནག་གཞུང་གིས་ད་ལོའི་ཕྱི་ཟླ་༥ པའི་ནང་“༡༩༥༡ རྗེས་ཀྱི་བོད་ཀྱི་བཅིངས་གྲོལ་དང་། འཛུགས་སྐྲུན། འཕེལ་རྒྱས་”ཞེས་པའི་ཡིག་ཆ་ཞིག་བཏོན་པའི་ལན་དུ། བོད་མིའི་སྒྲིག་འཛུགས་ནས་“ལོ་ངོ་བདུན་ཅུའི་བཙན་འཛུལ་དང་བཙན་གནོན་”ཞེས་པའི་དཔེ་དེབ་དབུ་འབྱེད་དང་འགྲེམ་སྤེལ་བྱས་སོང་། 

དེ་རིང་སྔ་དྲོར་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བསྐོངས་པའི་གསར་འགོད་ལྷན་ཚོགས་དེའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་”ལོ་ངོ་བདུན་ཅུའི་བཙན་འཛུལ་དང་བཙན་གནོན་”ཞེས་པའི་དཔེ་དེབ་དབུ་འབྱེད་དང་། དཔེ་དེབ་དེ་རྩོམ་དགོས་པའི་རྒྱབ་ལྗོངས་དང་ནང་དོན་སྙིང་བསྡུས་འགྲེལ་བརྗོད་གནང་སོང་། 

གསར་འགོད་ལྷན་ཚོགས་དེའི་ཐོག ཁོང་གིས་“ད་ལོའི་ཕྱི་ཟླ་༥ པའི་ཚེས་༢༣ ཉིན་མོ་དེར་རྒྱ་ནག་གཞུང་གི་ངོས་ནས་བོད་བཅིངས་གྲོལ་བཏང་ནས་ལོ་ངོ་བདུན་ཅུ་འཁོར་བའི་དེབ་ཟེར་བ་ཞིག་[བཏོན་ཡོད་རེད།] བཅིངས་གྲོལ་དེ་གཞན་པ་ཞིག་གི་བཙན་འོག་ནས་ཡིན་ན་རེད། ང་རང་ཚོའི་ནང་ལོགས་ན་གདུག་རྩུབ་ཞེ་བོ་བཏང་གི་ཡོད་ན་རེད། དེ་འདྲའི་ཐོག་ནས་བཅིངས་གྲོལ་བཏང་ཡིན་ཟེར་ནས་ལོ་ངོ་༧༠ འཁོར་ཡིན་ཟེར་བའི་དེབ་རྒྱབ་ཤ་དཀར་པོ་ཅན་ཞིག་བཏོན་པ་རེད། དེ་སྔ་རྒྱབ་ཤ་དཀར་པོ་རྒྱ་ནག་གིས་བཏོན་ཚད་ལ་ལན་བརྒྱབས་ཡོད་རེད། ཡིན་ན་ཡང་། ༢༠༡༨ དེ་ལ་ལན་དེ་བཏོན་ཡོད་པ་མ་རེད། དེ་རིང་འདིར། ལྷག་པར་དུ་ང་ཚོ་འཛིན་སྐྱོང་གསར་པ་འགོ་བཙུགས་ཚར་ཙམ་རེད། ༢༠༡༨ དེ་ལན་བརྒྱབས་མེད་པས། (བོད་མིའི་སྒྲིག་ནས་༢༠༡༨ ལོར་རྒྱ་ནག་གིས་བཏོན་པའི་རྒྱབ་ཤ་དཀར་པོར་ལན་འདེབས་དཔེ་དེབ་གཅིག་༢༠༡༨ ཟླ་༡༢ ནང་འགྲེམས་སྤེལ་བྱས་འདུག) དེ་རིང་འདི་ལ་ཡིན་གཅིག་མིན་གཅིག་ལན་རྒྱག་དགོས་པ་ཆགས་བསྡད་པ་ང་ཚོས་དེ་འདྲ་མཐོང་བ་རེད་”ཅེས་དེབ་རྩོམ་སྒྲིག་བྱེད་དགོས་པའི་རྒྱབ་ལྗོངས་འགྲེལ་བརྗོད་གནང་བའི་ཐོག “སྤྱི་ཡོངས་ནས་རྒྱ་ནག་གི་གནད་དོན་ག་འདྲ་ཞིག་འགྲེལ་བཤད་བརྒྱབས་པ་ཡིན་ནའང་། ཁོ་རང་ཚོའི་གོ་བ་ལེན་ཕྱོགས་དང་། ཁོ་རང་ཚོའི་ཁེ་ཕན་ཆེད་དུ་རེད། དངོས་ཡོད་གནས་ཚུལ་ལ་གཞི་བཅོལ་གྱི་ཡོད་མེད་ལ་མ་ལྟོས་པར་རྒྱ་ནག་ནང་ལོགས་ལ་ཡོད་པའི་རྒྱ་མི་རིགས་མགོ་སྐོར་གཏོང་རྒྱུ་དང་། རྒྱལ་སྤྱིའི་སྤྱི་ཚོགས་བསླུ་བྲིད་གཏོང་རྒྱུ་ལ་དམིགས་ནས་དེ་འདྲ་བྱེད་ཀྱི་ཡོད་པ་དེ་གསལ་པོ་རེད་”ཅེས་བསྣན་སོང་། 

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་བཏོན་པའི་རྒྱ་ནག་གི་རྫུན་གཏམ་དང་། ཧམ་བཤད་ལ་དགག་པའི་དབྱིན་དེབ་གསར་པ་དེར་ཤོག་གྲངས་བརྒྱ་མ་ཟིན་ཙམ་འདུག་ཅིང་། ནང་དུ་“བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་”དང་། “ཞི་བའི་བཅིངས་གྲོལ་གྱི་འདྲ་འབག་གྱོན་པའི་བཙན་འཛུལ།” “བཙན་འོག་ནས་བཞག་པའི་གྲོས་མཐུན་དོན་ཚན་༡༧།”ལ་སོགས་པའི་ལེ་ཚན་༡༡ འདུག་ཅིང་། ཕྱི་དྲིལ་ཀརྨ་ཆོས་དབྱིངས་ཀྱིས་མི་འགྱངས་པར་བོད་ཡིག་དང་རྒྱ་ཡིག་གི་འགྱུར་འདོན་སྤེལ་བྱེད་རྒྱུ་ཡིན་ཚུལ་བརྗོད་སོང་། 

གཞན་ཡང་། དེབ་གསར་པ་དེའི་ནང་དུ་བོད་རྒྱའི་གནད་དོན་སེལ་བའི་ཐབས་ལམ་ཇི་ཡོད་དང་འབྲེལ་བའི་ཐད་ལ། སྲིད་སྐྱོང་སྤེན་པ་ཚེ་རིང་གིས་“འདས་པའི་གནས་ཚུལ་འདས་པའི་གནས་ཚུལ་རེད། རྒྱ་ནག་གིས་ཐོག་ནས་འགྲེལ་བཤད་ཅིག་རྒྱག་ཡོང་གི་རེད། ང་ཚོས་དངོས་ཡོད་གནས་ཚུལ་ལ་གཞི་བཞག་ནས་འགྲེལ་བཤད་ཅིག་རྒྱག་གི་ཡོད་རེད། གལ་ཆེ་བ་དེ་གང་རེད་ཟེར་ན། མ་འོངས་པར་ང་ཚོས་མདུན་སྐྱོད་ག་འདྲ་བྱས་ནས་རྒྱག་གི་ཡིན་ཟེར་བ་དེ་གནད་འགག་ཆེན་པོ་ཆགས་བསྡད་ཡོད་རེད། མ་འོངས་པར་མདུན་སྐྱོད་བྱེད་པ་ལ། གང་ལྟར་དབུ་མའི་ལམ་གྱི་སྲིད་བྱུས་དེ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གྲོས་འགོ་བཏོན་གནང་ཡོད་རེད། དེ་བཞིན་མི་མང་གི་བསམ་ཚུལ་བསྡུ་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་བཞག་པའི་སྲིད་བྱུས་དེའི་ཐོག་ནས་བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་གྱི་སྲིད་བྱུས་ཟེར་བ་དེའི་སྒང་ལ་ག་འདྲ་བྱས་ནས་འགྲོ་དགོས་ཀྱི་ཡོད་མེད་དང་། ད་ལྟའི་བཀའ་ཤག་སྐབས་༡༦ པའི་ངོས་ནས་རྒྱ་ནག་གི་སྲིད་བྱུས་ལངས་ཕྱོགས་དེ་དག་ལྟ་སྟངས་ག་འདྲ་ཡིན་མིན། བཀའ་ཤག་སྐབས་༡༦ པའི་སྲིད་བྱུས་འཛིན་སྟངས་ག་འདྲ་ཡིན་མིན་དེ་དག་གསལ་པོ་ཞིག་བཟོས་ཡོད་”ཅེས་གསུངས་སོང་། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།  

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།