བོད་མིའི་སྒྲིག་འཛུགས་ནས་གྷན་དྷི་མཆོག་གི་འཁྲུངས་སྐར་སྲུང་བརྩི་གནང་སོང་།

ཟླ་༡༠ པའི་ཚེས་ ༢ ཉིན་རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷིའི་འཁྲུངས་སྐར་དུས་ཆེན་ཡིན་སྟབས། བོད་མིའི་སྒྲིག་འཛུགས་ཀྱིས་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་གནང་སོང་།

མཛད་སྒོ་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་དང་། ལས་ཁུངས་ཁག་གི་དྲུང་ཆེ་དང་དྲུང་འཕར། བཀའ་དྲུང་ཡིག་ཚང་གི་སྲི་ཞུའི་ལས་བྱེད་བཅས་བཀའ་ཤག་གི་ཚོགས་ཁང་དུ་ལྷན་འཛོམས་ཐོག སྲིད་སྐྱོང་གིས་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷིའི་སྐུ་པར་མདུན་དུ་སྣང་གསལ་མར་མེ་ཞལ་ཕྱེ་གནང་རྗེས་གསར་འགོད་པ་རྣམས་ལ་གསུང་དོན། མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷི་མཆོག་ལ་ (Mahatma) ཞེས་ཆེ་མཐོང་ཕུལ་དགོས་དོན་གཙོ་བོ་ནི། དམ་པ་ཁོང་གིས་རྒྱ་གར་གྱི་རང་བཙན་འཐབ་རྩོད་འཚེ་མེད་ཞི་བའི་ཐོག་ནས་རྒྱ་གར་མི་མང་གི་འགོ་ཁྲིད་དེ་ཨིན་ཇི་གཞུང་ནས་རང་བཙན་ཐོབ་ཐུབ་པའི་གནས་བབ་འདི་འཚེ་བ་མེད་པའི་ཐབས་ལམ་བརྒྱུད་ལས་འགུལ་སྤེལ་པ་དེས་འཛམ་གླིང་ནང་དཀའ་རྙོག་ཇི་འདྲ་ཞིག་ཡིན་རུང་འཚེ་བ་མེད་པའི་ཐོག་ནས་དཀའ་རྙོག་སེལ་ཐུབ་པའི་མིག་དཔེ་བཟང་པོ་ཞིག་སྟོན་ཐུབ་པ་བྱུང་ཡོད།

ད་ལྟའི་ཆར་འཛམ་གླིང་ནང་དཀག་རྙོག་ཇི་འདྲ་ཞིག་ཡིན་རུང་འཚེ་བ་མེད་པའི་ཐོག་ནས་སེལ་ཐུབ་ཀྱི་ཡོད་པའི་གནས་བབ་འདི་མེས་པོ་དམ་པ་གྷན་དྷི་མཆོག་གིས་མིག་དཔེ་བསྟན་པའི་བྱ་གཞག་ལ་བརྟེན་ནས་འཛམ་གླིང་ནང་ཨ་རིའི་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་འཐབ་རྩོད་ཡིན་ནའང་མར་ཊིན་ལུ་ཐར་ཀིང་ (Martin Luther King) མཆོག་གིས་འགོ་ཁྲིད་པ་དང་། ཕྱོགས་མཚུངས་ལྷོ་ཨ་ཕི་རི་ཀའི་ནང་མི་རིགས་དཀར་ནག་དབྱེ་འབྱེད་ཐད་ནེལ་སོན་མན་ཌེ་ལ་ (Nelson Mandela) མཆོག་གིས་འཚེ་མེད་ཞི་བའི་ཐོག་ནས་ལས་འགུལ་སྤེལ་བ། གཞན་ཡང་འཛམ་གླིང་གི་ས་ཕྱོགས་གང་སར་འཚེ་བ་མེད་པའི་ལས་འགུལ་སྤེལ་ཏེ་དཀའ་རྙོག་བསལ་རྒྱུ་ཡོད་པའི་གནས་བབ་སྒྲུབ་ཐུབ་པ་རེད། བོད་མིར་མཚོན་ན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཕྱོགས་གཅིག་ནས་བོད་མི་རྣམས་ནང་པ་རེད། འཚེ་བ་མེད་པ་དང་བྱམས་བརྩེའི་ལྟ་གྲུབ་གཉིས་གཙོ་བོར་བཟུང་སྟེ་འགྲོ་གི་ཡོད།

བོད་པའི་འཐབ་རྩོད་ནི་འཚེ་མེད་ཞི་བའི་ལམ་དུ་འགྲོ་བ་ནི་བོད་པའི་འཐབ་རྩོད་ཀྱི་འགན་ལྟ་བུ་ཞིག་ཆགས་ཀྱི་ཡོད་པ་རེད། དུས་ཀྱི་ཐོག་ནས་འགྱུར་བ་འགྲོ་བཞིན་ཡོད་ནའང་། བོད་པའི་འཐབ་རྩོད་ཞི་བའི་ཐོག་ནས་སེལ་ཐུབ་ཚེ་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་མིག་དཔེ་བཟང་པོ་ཞིག་བསྐྱར་དུ་གཞག་ཐུབ་པ་དང་། ལྷག་པར་བོད་ཀྱི་གནས་སྟངས་ཕྲན་བུ་མི་འདྲ་བ་ཞིག་རེད། རྒྱ་གར་ལྟ་བུ་ཡིན་ན། སྐབས་དེ་དུས་རྒྱ་གར་གྱི་མི་འབོར་ཆེན་པོ་རེད། དབང་འཛིན་མཁན་དེ་ཨིན་ཇི་ལུང་པ་ཡིན་པ་དང་ས་ཐག་རིང་པོ། མི་འབོར་ཉུང་བ་རེད། བོད་ཀྱི་གནད་དོན་ནི་བོད་ཀྱི་ས་ཆ་རྒྱ་ཆེན་པོ་དང་མི་འབོར་ཉུང་བ་དང་། རྒྱ་ནག་གི་མི་འབོར་ཧ་ཅང་ཆེན་པོའི་གནས་བབ་ཅིག་ཡིན་སྟབས། གནས་སྟངས་མི་འདྲ་བ་རེད།

འོན་ཀྱང་འཚེ་བ་མེད་པ་དང་དྲང་བདེན་གྱི་ནུས་སྟོབས་ཡལ་འགྲོ་རྒྱུ་མེད་པར་བརྟེན་བོད་པའི་འཐབ་རྩོད་དེ་བཞིན་མེས་པོ་དམ་པ་གྷན་དྷི་མཆོག་གི་རྗེས་སུ་འབྲང་པའི་ཐོག་ནས་འཐབ་རྩོད་མུ་མཐུད་སྐྱོང་གི་ཡོད། ང་ཚོས་དམ་པ་ཁོང་གིས་ལམ་སྟོན་པའི་རྗེས་སུ་འབྲང་དགོས་པ་དང་། དམ་པ་ཁོང་རྒྱ་གར་ནང་དུ་བཞུགས་པ་ཙམ་མིན་པར་ཨིན་ཇི་ལུང་པ་དང་ལྷོ་ཨ་ཕི་རི་ཀའི་ནང་ཡོད་པའི་སྐབས་ལས་འགུལ་སྣ་མང་སྤེལ་ཡོད། ཁོང་གི་གསུང་རྩོམ་ཧིནྡ་སྭཱརཱཇ་ (Hind Swaraj) ཞེས་པའི་དཔེ་དེབ་དེ་ཉིད་ཕྱི་ལོ་ ༡༩༠༩ ལོར་འདོན་སྤེལ་གནང་བ་ཞིག་ཡིན་པ་དང་། བཙན་བྱོལ་བོད་མིའི་ཁྲོད་དེའི་ཐོག་ལ་དངོས་གནས་ཞིབ་ཚགས་པོའི་ཉམས་ལེན་དང་སློབ་གཉེར་བྱེད་རྒྱུའི་ཐོག་ལ་བཀའ་ཁྲི་ཟུར་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྣེ་ཁྲིད་པའི་རྒྱ་གར་ནང་རིན་པོ་ཆེ་མཆོག་ལ་དཔེ་མི་སྲིད་པའི་ཆེ་མཐོང་ཆེན་པོ་ཞུ་གི་ཡོད་པ་དང་། གྷན་དྷིའི་ལྟ་གྲུབ་སྐོར་ཉམས་ལེན་ཙམ་མ་ཟད། གང་ཅིའི་ཐོག་ནས་ཧ་ཅང་གི་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་པར་བརྟེན། དེ་རིང་རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་འཁྲུངས་སྐར་དང་སྟབས་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཀྱི་སྣེ་མོ་བ་ཚོ་འདིར་འཛོམས་ཏེ་གུས་འདུད་ཞུ་གི་ཡོད་པ་རེད། ཅེས་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *