བོད་མིའི་སྒྲིག་འཛུགས་ནས་གྷན་དྷིའི་འཁྲུངས་སྐར་སྲུང་བརྩི་གནང་སོང་།

ཟླ་༡༠ པའི་ཚེས་༢ ཉིན་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གྱི་མེས་པོ་དམ་པ་གྷན་ངྷི་ཡི་འཁྲུངས་སྐར་སྲུང་བརྩི་ཞུས་སོང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྲི་ཞུ་བ་དྲུང་གཞོན་ཡན་གྱི་ལས་བྱེད་རྣམ་པས་མཉམ་ཞུགས་གནང་འདུག 

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བདག་ཉིད་ཆེན་པོ་གྷན་ངྷི་མཆོག་གི་སྐུ་པར་ལ་མཇལ་དར་ཕུལ་བ་དང་སྦྲགས་སྣང་གསལ་ཞལ་ཕྱེ་གནང་གྲུབ་རྗེས་གསར་འགོད་པར་གསུང་དོན། དེ་རིང་ནི་རྒྱ་གར་གྱི་མེས་པོ་དམ་པ་གྷན་ངྷི་མཆོག་ཕྱི་ལོ་ ༡༨༦༩ ལོར་སྐུ་འཁྲུངས་ནས་ལོ་ ༡༥༣ འཁོར་གྱི་ཡོད། བོད་མིའི་སྒྲིག་འཛུགས་ནས་བདག་ཉིད་ཆེན་པོ་གྷན་ངྷི་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་ཡི་ཡོད། བདག་ཉིད་ཆེན་པོ་གྷན་ངྷི་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་དགོས་དོན་གཙོ་བོ་ནི། བདག་ཉིད་ཆེན་པོ་གྷན་ངྷི་མཆོག་གིས་དེ་སྔ་འཛམ་གླིང་ནང་འགྲོ་བ་མི་རྣམས་ཀྱིས་དཀའ་ངལ་མྱོང་བཞིན་པ་རྣམས་ཞི་བའི་སྒོ་ནས་གདོང་ལེན་ཇི་ལྟར་གནང་དགོས་པའི་སྐོར་ཐབས་ལམ་བསྟན་གནང་ཡོད། དམ་པ་ཁོང་གིས་ཨིན་ཡུལ་དུ་ཁྲིམས་ཀྱི་སློབ་སྦྱོང་གནང་རྗེས་ལྷོ་ཨ་ཕི་རི་ཀའི་ནང་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་སྲིད་བྱུས་ལ་ངོ་རྒོལ་གྱི་འཐབ་རྩོད་ནང་མཉམ་ཞུགས་གནང་ཡོད་པ་མ་ཟད། གསར་འགྱུར་བརྒྱུད་ལམ་ཁག་གལ་ཆེན་པོ་བརྩིས་ཏེ་ལྷོ་ཨ་ཕི་རི་ཀར་རྒྱ་གར་བའི་ལྟ་ཚུལ་ (Indian Opinion) ཞེས་པའི་གསར་ཁང་བཙུགས་ཡོད། 

བདག་ཉིད་ཆེན་པོ་གྷན་ངྷི་མཆོག་གིས་ཕྱི་ལོ་ ༡༩༠༩ ལོར་ཧིནྡ་སྭརཱཇ་ (Hind Swaraj) ཞེས་པའི་དཔེ་དེབ་བརྩམས་ཏེ་པར་སྐྲུན་དང་འགྲེམས་སྤེལ་གནང་ཡོད་པ་དང་། དཔེ་དེབ་དེ་ནི་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གལ་ཆེན་པོར་རྩི་བཞིན་ཡོད། དཔེ་དེབ་དེའི་ནང་བདག་ཉིད་ཆེན་པོ་གྷན་ངྷི་མཆོག་གིས་གཞི་རིམ་འཐབ་རྩོད་ཀྱི་བསམ་བློའི་འཁྱེར་སོ་དང་འགྲོ་བ་མིའི་རིགས་ཀྱི་རང་དབང་ལ་གཞི་བཅོལ་ཏེ་འཐབ་རྩོད་གནང་ཡོད་པ་འཁོད་ཡོད། རིམ་པས་རྒྱ་གར་ལ་ཕེབས་རྗེས་དམ་པ་ཁོང་གིས་རྒྱ་གར་གྱི་རང་བཙན་འཐབ་རྩོད་སྐབས་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་དབུ་ཁྲིད་གནང་ཡོད། སྤྱིར་འཛམ་གླིང་ནང་རྩོད་རྙོག་དང་དྲག་གནོན་རིགས་མང་དག་བྱུང་དང་འབྱུང་བཞིན་ཡོད། བདག་ཉིད་ཆེན་པོ་གྷན་ངྷི་མཆོག་ནི། དྲག་གནོན་ལ་ཁ་གཏད་དུ་ཞི་བའི་ཐབས་ལམ་བསྟན་གནང་མཁན་ཐོག་མ་ཆགས་ཡོད།

ང་ཚོ་བོད་མི་རྣམས་ཀྱིས་ཀྱང་བདག་ཉིད་ཆེན་པོ་གྷན་ངྷི་མཆོག་གིས་བསྟན་གནང་བའི་འཚེ་བ་མེད་པའི་ཐབས་ལམ་རང་ལ་བརྟེན་ནས་ཤར་བསྐྱོད་དང་བདེན་པའི་འཐབ་རྩོད་གནང་གི་ཡོད། བདག་ཉིད་ཆེན་པོ་གྷན་ངྷི་མཆོག་ཧིན་དུ་ཆོས་ལུགས་པའི་རྗེས་འབྲང་བ་རེད། འོན་ཀྱང་དམ་པ་ཁོང་གིས་ཆོས་ལུགས་ཚང་མར་བརྩི་བཀུར་ཞུས་གནང་ཡོད།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་ཚང་མར་བརྩི་བཀུར་ཞུ་དགོས་པའི་བཀའ་སློབ་ཕེབས་བཞིན་པའི་དགོངས་གཞི་དེ་ཡང་བདག་ཉིད་ཆེན་པོ་གྷན་ངྷི་མཆོག་གི་དགོངས་གཞི་དང་མཐུན་པ་ཞིག་ཆགས་ཡོད།

རྒྱ་གར་གྱི་མེས་པོ་དམ་པ་གྷན་ངྷི་མཆོག་གིས་རྣམ་རྒྱུན་བརྩི་འཇོག་གནང་ས་བཟང་སྤྱོད་དང་བྱམས་སྙིང་རྗེ། བཟོད་བསྲན་དེ་དག་སྤྱི་ཚོགས་དང་ཆབ་སྲིད་སོགས་གང་ཅིའི་ཐད་ལ་བེད་སྤྱོད་གཏོང་རྒྱུ་ཡོད་སྟབས། ད་ལྟ་འཛམ་གླིང་མི་མང་གིས་བདག་ཉིད་ཆེན་པོ་གྷན་ངྷི་མཆོག་ལ་བརྩི་བཀུར་ཞུ་ཡི་ཡོད། བོད་པ་ཚོས་ཀྱང་བདག་ཉིད་ཆེན་པོ་གྷན་ངྷི་མཆོག་གིས་བཏོན་གནང་བའི་འཚེ་མེད་ཞི་བའི་ཐབས་ལམ་ཐོག་འགྲོ་བཞིན་ཡོད་ལ། ང་ཚོས་བདག་ཉིད་ཆེན་པོ་གྷན་ངྷི་མཆོག་གིས་བཏོན་གནང་བའི་འཚེ་མེད་ཞི་བའི་ཐབས་ལམ་གྱི་སྙིང་པོ་དེ་དག་ལག་བསྟར་ཞུ་དགོས་པ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན། ཞེས་གསུངས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།