བོད་མིའི་སྒྲིག་འཛུགས་ནས་ཏོག་དབྱིབས་ནད་ཡམས་ལ་ཁ་གཏད་གཅོག་ཐབས། 

ཁ་སང་སྟེ་ཕྱི་ཟླ་༣ཚེས་༢༣ཉིན་བོད་མི་ཞིག་ཏོག་དབྱིབས་ནད་ཡམས་ཀྱིས་འདས་གྲོངས་ཕྱིན་རྗེས། བོད་མིའི་སྒྲིག་འཛུགས་ནས་ཛ་དྲག་ངང་ནད་ཡམས་ལ་ཁ་གཏད་གཅོག་པའི་ལས་འགུལ་སྤེལ་བཞིན་འདུག

ལོ་སྔོན་མའི་ལོ་མཇུག་ཏུ་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་ཐོག་མར་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་ནད་ཡམས་དེ་ད་ཆ་འཛམ་གླིང་གི་ཡུལ་གྲུ་གང་སར་ཁྱབ་ནས་ཉིན་རེ་བཞིན་ནད་པ་དང་རྐྱེན་ལམ་དུ་ཕྱིན་པ་ཚོའི་གྲངས་ཚད་འཕར་བཞིན་པ་ལྟར། རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཧི་མ་ཅལ་གྱི་དྷ་ས་ཁུལ་དུ་ཡང་ནད་དུག་དེས་གྲོངས་པའི་ནད་པ་ཐོག་མ་བྱུང་འདུག 

དེ་ཡང་ཟླ་འདིའི་ཚེས་༢༣ཉིན་དྷ་སའི་ཉེ་འཁོར་གྱི་ཏྲན་ཊ་སྨན་དུ་ཏོག་དབྱིབས་ནད་ཀྱིས་གྲོངས་པའི་ནད་པ་དེ་མིང་ལ་བསྟན་འཛིན་ཆོས་འཕེལ་དང་རང་ལོ་༦༩ལ་སོན་པའི་བོད་མི་ཞིག་ཡིན་པའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུར་པ་ཞིག་ཀྱང་ཡིན་འདུག ཁོང་ཕྱི་ཟླ་༣ཚེས་༡༥ཉིན་བཟའ་ཟླ་དང་ལྷན་དུ་ཨ་རི་ནས་ལྡི་ལིར་འབྱོར་རྗེས། ལྡི་ལིའི་མགྲོན་ཁང་ཞིག་ཏུ་ཉིན་ལྔའི་རིང་བསྡད་དེ་ཚེས་༢༡ཉིན་གྱི་དགོང་མོར་དྷ་སར་འབྱོར་ཡོད་འདུག 

ཕྱི་ཟླ་༣ཚེས་༢༢ཉིན་རྒྱ་གར་རྒྱལ་ཡོངས་སྒོ་བརྒྱབ་ནས་ཡོད་སྟབས། སྨན་ཁང་དུ་འགྲོ་སྟབས་མ་འགྲིག་པ་དང་། ཚེས་༢༣ཉིན་ཁོང་གི་བུ་དང་གྲོགས་པོ་ཞིག་གིས་ཀང་རཱ་རྫོང་གི་ཏྲན་ཏྲ་སྨན་ཁང་དུ་ཁྱེར་རྗེས་འདས་གྲོངས་ཕྱིན་འདུག་པ་དང་། དེ་ནས་དགོང་མོའི་ཆུ་ཚོད་དྲུག་ཡོལ་ཙམ་ལ་སྔོན་འགྲོའི་བརྟག་དཔྱད་ཀྱི་འབྲས་བུའི་ནང་ཁོང་ལ་ཏོག་དབྱིབས་ནད་ཡམས་འགོས་པ་གསལ་ཡོད་འདུག 

དེ་ནས་དགོང་མོའི་ཆུ་ཚོས་༨པ་ཙམ་ལ་ཀང་རཱ་རྫོང་ནས་ཛ་དྲག་ཆེན་པོས་དངོས་སུ་བོད་མིའི་སྒྲིག་འཛུགས་ལ་འབྲེལ་བ་བྱས་ཏེ་བོད་མིའི་སྒྲིག་འཛུགས་ཀྱིས་ཕུང་པོ་བདག་རྒྱག་དགོས་པ་མ་ཟད། འབྲེལ་ཡོད་མི་སྣ་ཚོའང་ཟུར་བཀག་བྱེད་དགོས་ཚུལ་བཤད་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱིས་འགན་བླངས་ནས་མཚན་མོའི་ཆུ་ཚོད་ ༡༢ ཡོལ་ཙམ་ལ་ནད་པའི་ཕུང་པོ་བསྲེགས་པ་མ་ཟད། ནད་པའི་ནང་མིས་མཚོན་པའི་ནད་པ་དང་འབྲེལ་བ་བྱུང་བ་རྣམས་དྷ་སའི་སྣེ་ལེན་ཁང་དུ་ཟུར་བཀག་ཏུ་བཞག་པའི་ཐོག ལྡི་ལི་དང་དྷ་ས་ནས་འབྲེལ་ཡོད་ཚོས་ནད་པར་ཐད་ཀར་འགྲོག་འབྲེལ་བྱུང་བ་རྣམས་རྩད་གཅོད་དང་ཞིབ་བཤེར་བྱེད་པའི་སྒང་ཡིན་འདུག

གློ་བུར་གྱི་གནས་ཚུལ་དེ་དང་འབྲེལ་བའི་ཐད་ལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་ཚེས་༢༤རེས་གཟའ་མིག་དམར་གྱི་ཞོགས་པར་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཀང་རཱ་རྫོང་ནས་དྷ་སའི་མེག་གྷན་ཉིན་གསུམ་རིང་ཡོངས་སུ་སྒོ་རྒྱག་རྒྱུའི་བཀའ་རྒྱ་བཏང་ཡོད་པ་ལྟར། “བོད་མི་སུ་གཅིག་ཀྱང་ཕྱི་ལ་མི་དོན་”བའི་འབོད་སྐུལ་ནན་ཏན་ཞུས་པའི་ཐོགགལ་སྲིད་ཕྱི་ལ་དོན་ནས་ཉེན་རྟོག་པས་ཉེས་ཁྲིམས་གཅོད་པའམ། བཙོན་འཇུག་བྱས་པའི་གནས་ཚུལ་བྱུང་ན།བོད་མིའི་སྒྲིག་འཛུགས་ཀྱིས་འགན་ཁུར་མི་ཐུབ་ཚུལ་གསུངས་པའི་ཐོགའཛམ་གླིང་གི་ཡུལ་ཕྱོགས་གང་སར་ཡོད་པའི་བོད་མི་རྣམས་དང་། ལྷག་པར་དུ་རྒྱ་གར་ལ་ཡོད་པའི་བོད་མི་ཚོ་སོ་སོ་གང་དུ་ཡོད་པའི་གནས་དེ་རང་ལ་བསྡད་དེ་ཕར་ཚུར་གང་ཡང་མི་འགྲོ་བའི་སྐུལ་མ་ནན་པོའང་གནང་སོང་། 

དེ་མིན་ད་དུང་། བོད་མིའི་སྒྲིག་འཛུགས་ཀྱི་ནད་ཡམས་འདི་ལ་ཁ་གཏད་བཅག་སྟེ་བོད་མི་རྣམས་སྲུང་སྐྱོབ་བྱེད་པའི་ཛ་དྲག་གི་ལས་འཆར་ཁྲོད། དྷ་སའི་སྣེ་ལན་ཁང་དང་ཤུག་གསེབ་དགོན་དུ་བོད་མི་ནད་པ་རྣམས་ཟུར་བཀག་འཇོག་ས་མཁོ་འདོན་གནང་བ་མ་ཟད། ༧གོང་ས་མཆོག་གི་བླ་སྨན་ཨེམ་ཆི་རྟ་མགྲིན་དང་། ཨེམ་ཆི་ཚེ་བརྟན་རྣམ་གཉིས་ཀྱིས་འགོ་ཁྲིད་པའི་ཚོགས་ཆུང་ཞིག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་འཕྲད་སྲིད་པའི་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ཉེན་ལ་གདོང་ལེན་བྱེད་ཐབས་ཀྱི་ལས་འཆར་འདིངས་བཞིན་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།