བོད་རང་བཙན་གཙང་མ་ཡིན་པའི་ཁུངས་སྐྱེལ་དེབ་དབུ་འབྱེད།
དེབ་འདི་རྒྱ་ནག་གཞུང་གིས་ལོ་རྒྱུས་འཁྱོག་བཤད་བྱས་པར་དགག་པའི་ཚུལ་དང། མ་འོངས་བོད་ཀྱི་གཞོན་སྐྱེས་རྣམས་ཀྱིས་ཤེས་ཐུབ་ཆེད་བརྒྱུད་སྤྲོད་བྱས་ཡིན་སྐོར་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོས་བརྗོད་སོང་།
དེབ་འདི་རྒྱ་ནག་གཞུང་གིས་ལོ་རྒྱུས་འཁྱོག་བཤད་བྱས་པར་དགག་པའི་ཚུལ་དང། མ་འོངས་བོད་ཀྱི་གཞོན་སྐྱེས་རྣམས་ཀྱིས་ཤེས་ཐུབ་ཆེད་བརྒྱུད་སྤྲོད་བྱས་ཡིན་སྐོར་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོས་བརྗོད་སོང་།
ཟླ་འདིའི་ཚེས་༡༤ ཉིན་དྷ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་དབུ་བཞུགས་ཐོག ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོས་རྩོམ་སྒྲིག་བྱས་པའི་དེབ་ “བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད་”ཅེས་པའི་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པའི་ཁུངས་སྐྱེལ་ར་སྤྲོད་ཀྱི་དཔེ་དེབ་དབུ་འབྱེད་བྱས་ཡོད་པ་རེད།
གྲྭ་བག་གྲོས་དེབ་ཀྱི་ངོ་སྤྲོད་དང་འབྲེལ་ནས་བརྗོད་དོན། ཁོང་གིས་ལོ་གཉིས་དང་ཟླ་བ་བརྒྱད་ཙམ་གྱི་རིང་དེབ་དེ་རྩོམ་སྒྲིག་བྱས་ཡོད་པ་དང། ཉེ་ཆར་༧གོང་ས་མཆོག་ལ་སྤྱན་འབུལ་ཞུས་པ། དེབ་དེ་ཡང་རྒྱ་ནག་གཞུང་གིས་ལོ་རྒྱུས་འཁྱོག་བཤད་བྱས་པར་དགག་པའི་ཚུལ་དང། མ་འོངས་བོད་ཀྱི་གཞོན་སྐྱེས་ཚོས་ཤེས་ཆེད་ཡིན་པ། ད་བར་ཁོང་གིས་བོད་དང་འབྲེལ་བའི་དེབ་༡༥ རྩོམ་སྒྲིག་བྱས་པ་སོགས་ཀྱི་སྐོར་ལ་བརྗོད་སོང།
སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་དེབ་དབུ་འབྱེད་གནང་བ་དང་འབྲེལ། གཏམ་བཤད་གནང་དོན། བོད་མི་སྒེར་པ་ཞིག་གིས་ད་བར་བོད་དང་འབྲེལ་བའི་དེབ་༡༥ རྩོམ་སྒྲིག་བྱས་པ་གཟི་བརྗིད་ཡིན་པས་རྗེས་སུ་ཡི་རངས་ཡོད་པ། དེ་བཞིན་དེབ་དེའི་ནང་རྒྱ་ནག་གི་བོད་ལ་བཙན་འཛུལ་བྱས་ཏེ་གཏོར་བཤིགས་མ་གཏང་བའི་སྔོན་དང་རྗེས་ཀྱི་དཔར་རིས་ཡོད་པ། དེབ་དེའི་ནང་བོད་ཀྱི་ལོ་རྒྱུས་ཀྱི་པར་དང་ཡི་གེ་གཉིས་ཀྱི་ཐོག་ནས་རྩོམ་སྒྲིག་བྱས་ཡོད་པ། དེ་བཞིན་བོད་གཞིས་བྱེས་གཉིས་ནང་བོད་ཀྱི་ཆོས་དང་རིག་གནས་སོགས་ཀྱི་སྐོར་གྱི་རྩོམ་དེབ་ཀྱི་ཁ་གྲངས་བོད་ནང་ནས་མང་བ་ཡོང་གི་ཡོད་སྐོར་སོགས་གསུངས་སོང།
དེབ་དེའི་ནང་བོད་ཀྱི་བྱུང་རབས་ལོ་རྒྱུས་ནས་བོད་རང་བཙན་བདེན་སྐྱེལ་ཐུབ་པའི་ཡིག་ཚགས་དང་། བོད་གཞུང་དགའ་ལྡན་ཕོ་བྲང་སྐབས་ཀྱི་གནས་སྟངས། བོད་ཀྱི་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ་ཁག་ཅིག་ངོ་སྤྲོད། རྒྱ་ནག་གིས་བོད་ལ་བཙན་འཛུལ་སྐོར་གྱི་པར། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་ཕྱི་ནང་མི་རིགས་མང་པོས་བྲིས་པའི་ཡིག་ཚགས་སྐོར་སོགས་འཁོད་ཡོད་པ་རེད།།གསར་འགོད་པ་སྐལ་བཟང་དོན་གྲུབ།