བོད་རང་བཙན་ཉིན་མོ་དུས་དྲན་དང་ཨ་ཚོགས་ཚང་གི་གཏམ་ཚོགས་དཔེ་དེབ་དབུ་འབྱེད།
ཟླ་འདིའི་ཚེས་༡༣ ཉིན་བྱང་ཨ་རི་ནེའུ་ཡོག་གྲོང་ཁྱེར་དུ་ས་གནས་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་གོ་སྒྲིག་འོག ༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་ཆུ་གླང་རྩ་ཚིག་གམ་བོད་རང་བཙན་གསལ་བསྒྲགས་སྤེལ་ནས་མི་ལོ་༡༠༩ འཁོར་བའི་དུས་དྲན་ཞུས་ཡོད་པ་དང་། སྐབས་དེར་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་རྩོམ་ཡིག་དང་གཏམ་བཤད་སོགས་ཕྱོགས་བསྡུས་བྱས་པའི་དེབ་ཕྲེང་གསུམ་དབུ་འབྱེད་བྱས་ཡོད་པ་རེད།

ཚོགས་ཐོག་དེར་མཁས་དབང་འཇམ་དབྱངས་ནོར་བུས། “རྒྱལ་དབང་བཅུ་གསུམ་པས་ཆུ་གླང་རྩ་ཚིག་དེ་ཕྱོགས་མང་པོ་ཞིག་ལ་གཟིགས་ནས་སྤེལ་བ་ཞིག་རེད། སྐབས་དེ་དུས་ཀྱི་རྡོ་རྗེ་གླིང་དང་དེང་དུས་གཉིས་འདྲ་གི་མ་རེད། སྐབས་དེ་དུས་རྡོ་རྗེ་གླིང་དེ་འཛམ་བུ་གླིང་གི་མཁས་པ་མང་པོའི་བསྟི་གནས་ཤིག་རེད། དེར་བརྟེན་རྒྱལ་དབང་མཆོག་བཙན་བྱོལ་ནས་ཕྱིར་བོད་ལ་ཕེབས་དུས། རང་བཙན་རྩ་ཚིག་དེ་གནད་འགག་ཆེན་པོ་ཞིག་ལ་གཟིགས་ནས་བསྒྲགས་པ་རེད།ལ་ལས་རྩ་ཚིག་དེ་རང་བཙན་གསལ་བསྒྲགས་མ་རེད་ལབ་ཀྱི་ཡོད་རེད། དེ་ནི་བརྒྱག་གཏམ་བཤད་པ་རང་རེད། མ་འོངས་པར་རྒྱལ་དབང་བཅུ་བཞི་པས་ཡང་ཐ་མ་དེར་རང་ཡུལ་ལ་ཕེབས་ནས།རྒྱལ་དབང་བཅུ་གསུམ་པ་ནང་བཞིན་རང་བཙན་གསལ་བསྒྲགས་སྤེལ་གནང་ཐུབ་པའི་རེ་བ་ཡོད་”ཅེས་གསུང་སོང་།
བོད་རང་བཙན་འཐབ་རྩོད་པ་ཁག་གཅིག་གིས་དཔར་བསྐྲུན་བྱས་པའི་དཔེ་དེབ། ༢༠༡༦ ལོའི་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་རྩོམ་ཡིག་དང་གཏམ་བཤད་སོགས་ཕྱོགས་བསྡུས་བྱས་པའི་དེབ་ཕྲེང་གསུམ་གྱི་དབུ་འབྱེད་བྱས་པ་དང་། དཔེ་དེབ་དེའི་སྐོར་ལ་དབང་ཆེན་ཉི་མས། ཨ་ཚོགས་ཚང་གི་གཏམ་ཚོགས་དེབ་ཕྲེང་གསུམ་ཅན་དེ་ཉག་རོང་ཚེ་བརྟན་ལྷ་རྒྱལ་དང་། སྒ་པ་སེངྒ་ཁོང་ཚོ་གསུམ་གྱིས་བོད་ཀྱི་རྩ་དོན་འཐབ་རྩོད་ཁོ་ན་ལ་དམིགས་ནས་མགོ་འཛུགས་བྱས་པ་ཡིན། དེ་ལ་མཉམ་ཞུགས་པ་འགྲོ་གྲོན་གཏོང་བའི་ཚོགས་མི་བཞི་བཅུ་ཞེ་བཞི་ལྷག་ཡོད་པ་དང་།སྟག་འབུམ་རྒྱལ་གྱིས་གཏམ་བཤད་རྣམས་ཡིག་ཐོག་ལ་ཕབ་པ་ཡིན་སྐོར་གསུངས་འདུག
དགོང་མོ་དེར་གཞས་སྣ་འཁྲབ་སྟོན་བྱས་པ་དང་། དེབ་ཉིས་བརྒྱ་ལྡི་ལིར་རང་བཙན་གྲོས་ར་དང་། ཉིས་བརྒྱ་ནེའུ་ཡོག་ས་གནས་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་བཅས་ལ་དཔལ་འབྱོར་གྱི་མཐུན་རྐྱེན་ཆེད་ཕུལ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།