བོད་རང་བཙན་ནི་རྒྱ་གར་གྱི་བདེ་འཇགས་ཡིན་པ་གསལ་པོ་ཆགས་ཡོད་སྐོར་གསུངས་སོང་།

ཉེ་ཆར་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་གྱི་ཡང་རྩེ་ཞེས་པའི་འཕགས་བོད་གཉིས་ཀྱི་ས་མཚམས་སུ། རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མི་དབར་གདོང་ཐུག་གི་གནས་ཚུལ་བྱུང་ཡོད་པ་ལྟར་། བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་དྷ་ས་ཧིན་བོད་མཛའ་འབྲེལ་ཚོགས་པ་བཅས་ནས། རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་བ་དང་འབྲེལ་ནས། བོད་རང་བཙན་མ་ཐོབ་བར་དུ། རྒྱ་དཀར་ནག་གཉིས་ཀྱི་དབར་མཐའ་མཚམས་ཀྱི་རྩོད་རྙོག་མུ་མཐུད་གནས་ངེས་ཡིན་སྐོར་གསུངས་སོང་།

ཟླ་༡༢ པའི་ཚེས་༡༥ ཉིན་བཞུགས་སྒར་རྡ་ས་མེག་གྷན་གྱི་བཞི་མདོར། ཧིན་བོད་མཛའ་འབྲེལ་ཚོགས་པ་དང་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་གནང་སོང་། 

དེ་ཡང་ཁོང་རྣམས་པས་ཕྱག་ཏུ་བོད་དང་རྒྱ་གར་གྱི་རྒྱལ་དར་བསྣམས་ནས། རྒྱ་དམར་གྱི་མཐའ་སྲུང་དམག་མིས་རྒྱ་གར་གྱི་ས་མཚམས་ལས་བརྒལ་ནས་ཧམ་འཛུལ་བྱས་པར་ངོ་རྒོལ་སྐད་འབོད་གནང་སོང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ཀྱིས། ཇི་སྲིད་བོད་རང་བཙན་གྱི་བདེན་མཐའ་མ་སེལ་བར་དུ། དེ་སྲིད་དུ་རྒྱ་དཀར་ནག་གཉིས་ཀྱི་དབར་ས་མཚམས་དང་འབྲེལ་བའི་ངལ་བ་རྣམས་མུ་མཐུད་འཕྲད་ངེས་ཡིན་སྟབས། རྒྱ་གར་གཞུང་མང་གཉིས་ཀྱིས་བོད་རང་བཙན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་དགོས་པའི་རེ་སྐུལ་གནང་སོང་།

དེ་བཞིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇེཌ་ནཱེ་ཧེ་རཱ་ཡིས། རྒྱ་ནག་གཞུང་གིས་འཕགས་བོད་གཉིས་ཀྱི་ས་མཚམས་ཁུལ་དུ་དམག་འཁྲུག་སློང་ཚེ། རྒྱ་གར་གྱིས་དེར་རྒོལ་ལན་གནང་རྒྱུའི་ནུས་སྟོབས་ལྡན་ཡོད་སྐོར་གསུངས་པ་དང་འབྲེལ། རྒྱ་གར་གྱི་ངོས་ནས་དུས་རྟག་ཏུ་བོད་མིའི་མངོན་འདོད་ཇི་ཡོད་ལ་རྒྱབ་སྐྱོར་ཡོད་པ་ལྟར་རང་ཉིད་ཀྱིས་དེ་དེ་བཞིན་རྒྱབ་སྐྱོར་ཡོད་ཅེས་གསུངས་པར་མ་ཟད། རྟ་དབང་ས་ཁུལ་གྱི་འཕགས་འབོད་ས་མཚམས་གནད་དོན་ལས་བོད་རང་བཙན་ནི་རྒྱ་གར་གྱི་བདེ་འཇགས་ཡིན་ཞེས་པ་དེ་དངོས་ར་གསལ་འཕྲོད་བྱུང་སོང་ཞེས་གསུངས་ཡོད།

རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་གྱིས། ང་ཚོ་འདིར་མཉམ་ཞུགས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་བ་ནི་རྒྱ་གར་གྱི་དམག་མི་དང་རྒྱ་གར་གཞུང་མང་བཅས་ལ་རྒྱབ་སྐྱོར་གྱི་རྣམ་པ་མཚོན་ཕྱིར་ཡིན་པ། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་སྟེ་དུས་ད་ལྟ་བར་འཕགས་བོད་ཀྱི་ས་མཚམས་དང་འབྲེལ་ཏེ་རྒྱ་དཀར་ནག་གི་མཐའ་དམག་དབར་གདོང་ཐུག་བྱུང་ཡོད་པ་དང་། སླད་མར་བོད་ལ་རང་བཙན་ཐོབ་ན་མ་གཏོགས་ཕྱོགས་གཉིས་དབར་གྱི་དཀའ་རྙོག་དེ་སེལ་ཐུབ་ཀྱི་མ་རེད་ཅེས་གསུངས་སོང་།

ཁོང་རྣམས་པས་བོད་རང་བཙན་རྒྱ་གར་གྱི་བདེ་འཇགས་ཡིན། འཕགས་བོད་མཛའ་འབྲེལ་ནི་ནམ་ཡང་གནས་གྱུར་ཅིག་ཅེས་ཚོར་ཤུགས་ཆེན་པོས་འབོད་ཚིག་སྒྲོག་བཞིན་ངོ་རྒོལ་ལས་འགུལ་སྤེལ་གནང་སོང་།

དེ་བཞིན་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བའི་ནང་མཉམ་ཞུགས་གནང་མཁན་རྒྱ་གར་བ་ཨཱ་ཀ་ཤཱེ་ཡིས། ངས་དུས་རྒྱུན་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ད་སྐབས་ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་དམར་ཤོག་སྲིད་གཞུང་འོག་རྒྱ་ནག་རྒྱལ་ནང་དུ་ཞི་བདེ་བརྟན་ལྷིང་མེད་པའི་གནས་ཚུལ་མང་པོ་ཞིག་ཐོན་བཞིན་པ་དེ་གླེང་སློང་ཉུང་དུ་བཟོ་རྒྱུའི་ཆེད་དུ། ད་རེས་རྒྱ་ནག་གཞུང་གིས་ས་མཚམས་རྩོད་རྙོག་དེ་དམིགས་སུ་བཀར་ནས་བཟོས་པ་རེད་བསམ་གྱི་འདུག་ཅེས་འགྲེལ་བརྗོད་གནང་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།