བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་ངོ་རྒོལ་ལས་འགུལ་སྤེལ་འདུག

རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ། རྒྱ་བོད་ཀྱི་ས་མཚམས་ཐོག་གྲོས་མོལ་བྱེད་པའི་ཐོབ་ཐང་མེད་པའི་བརྡ་ལན་སྤྲོད་ཆེད་དུ་ངོ་རྒོལ་ལས་འགུལ་ཞིག་སྤེལ་འདུག

ཟླ་༡༢ པའི་ཚེས་༢༡ ཉིན་གྱི་སྔ་དྲོ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གནམ་ཐང་དུ་མ་འབྱོར་བའི་སྐར་མ་ཁ་ཤས་སྔོན་དུ། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གནམ་ཐང་བརྒྱུད་ནས་འགྲོ་དགོས་པའི་རྒྱ་ལམ་སྒང་ལ་ཡོད་པའི་ལྡིང་ཟམ་རྒྱ་ལམ་ཐོག་ནས་འཕྲེད་དར་བཏགས་ནས་ངོ་རྒོལ་ལས་འགུལ་སྤེལ་འདུག དེ་ཡང་ཝང་ཡི་རྒྱ་གར་གྱི་རྒྱལ་ས་ལྡི་ལིར། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་ཐོག་གྲོས་མོལ་ཐེངས་༢༡ པ་དེར་མཉམ་ཞུགས་བྱེད་ཆེད་དུ་འབྱོར་ཡོད་པ་དང་། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཝང་ཡི་ལ་རྒྱ་གར་དང་བོད་ཀྱི་ས་མཚམས་ཐོག་གྲོས་མོལ་བྱེད་པའི་ཐོབ་ཐང་མེད་ཅེས་པའི་འཕྲེད་དར་ཆེན་པོ་ཞིག་བཏགས་འདུག

ཚོགས་པ་དེས་སྤེལ་བའི་བསྒྲགས་གཏམ་ནང་དུ། ཝང་ཡི་རྒྱ་གར་དང་རྒྱ་ནག་བར་རྩོད་རྙོག་ཡོད་པའི་ས་མཚམས་ཐོག་གྲོས་མོལ་བྱེད་དུ་སླེབས་ཡོད་པ་དང་། དེ་སྔོན་ས་མཚམས་ཁུལ་དེའི་ཐོག་མེག་མོ་ཧན་ས་ཐིག་ཅེས་བོད་རང་བཙན་གྱི་གཞུང་དང་རྒྱ་གར་གྱི་དབྱིན་གཞུང་བར་ཕྱི་ལོ་༡༩༡༤ ལོར་སིམ་ལའི་ཆིངས་ཡིག་ནང་དུ་ཡོད་པ་དང་། ཆིངས་ཡིག་དེ་ད་ལྟ་ཁྲིམས་འགལ་ཐོག་ནས་བོད་ས་བཙན་བཟུང་བྱེད་མཁན་རྒྱ་ནག་གིས་དགག་བྱ་བྱས་ཡོད་པ་རེད། རྒྱ་གར་དང་རྒྱ་ནག་གི་འགོ་ཁྲིད་བར་བོད་དང་རྒྱ་གར་གྱི་ས་མཚམས་སྐོར་གྲོས་མོལ་བྱེད་རྒྱུ་ཡིན་པས། རྒྱ་ནག་ལ་གནད་དོན་དེའི་ཐོག་ཐེ་བྱུས་བྱེད་པའི་ཐོབ་ཐང་མེད་པ་དང་། རྒྱ་ནག་གིས་བོད་ས་བཙན་བཟུང་མ་བྱས་པའི་བར་དུ་རྒྱ་དཀར་ནག་ས་མཚམས་ཞེས་པ་ཞིག་མེད་པས། རྒྱ་གར་གྱིས་ཀྱང་སིམ་ལའི་ཆིངས་ཡིག་དེ་བོད་གཞུང་གིས་བཞག་པ་ལས་རྒྱ་ནག་གིས་བཞག་མེད་པའི་བདེན་པ་དེ་ཁས་ལེན་སྲུང་སྐྱོབ་བྱེད་དགོས་པ། བོད་ཀྱི་སྐུ་ཚབ་མེད་པའི་ས་མཚམས་ཀྱི་གྲོས་མོལ་ནི་ཡོང་ཐབས་མེད་པ་ཞིག་དང་ནུས་མེད་ཡིན་པ། རྒྱ་བོད་ས་མཚམས་ཐོག་གི་གྲོས་མོལ་ནང་རྒྱ་ནག་གི་སྐུ་ཚབ་ཡོད་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་བརྗོད་འདུག

རྒྱ་ནག་དང་རྒྱ་གར་གཉིས་བར་གྱི་དམིགས་བསལ་སྐུ་ཚབ་བར་གྱི་གྲོས་མོལ་ཐེངས་༢༢ པ་དེ་ཉིན་གཅིག་རིང་འཚོགས་ཀྱི་ཡོད་པ་དང་། རྒྱ་ནག་ཕྱོགས་ནས་འགོ་ཁྲིད་ཕྱི་སྲིད་བློན་ཆེན་ཝང་ཡི་དང་རྒྱ་གར་ཕྱོགས་ནས་འགོ་ཁྲིད་བདེ་སྲུང་སློབ་སྟོན་པ་ཨཱ་ཇིཌ་ཌོ་ཝལ་ཡིན་པ་རེད། ཟླ་བ་སྔོན་མར་རྒྱ་གར་དབུས་གཞུང་གིས་གྲོས་ཚོགས་ནང་དུ། ཕྱི་ལོ་༢༠༡༦ ལོ་ནས་༢༠༡༨ བར་རྒྱ་ནག་གི་དམག་མིས་ས་མཚམས་བརྒལ་ནས་རྒྱ་གར་ནང་འཛུལ་བའི་གནས་ཚུལ་ཐེངས་༡༠༢༥ བྱུང་ཡོད་སྐོར་ལན་འདེབས་བྱས་འདུག ཕྱི་ལོ་༢༠༠༣ ལོ་ནས་རྒྱ་དཀར་ནག་གཉིས་ཀྱི་དམིགས་བསལ་སྐུ་ཚབ་བར་གྲོས་མོལ་བྱེད་འགོ་བཙུགས་ཡོད་ཀྱང་། ད་བར་གྲུབ་འབྲས་དམིགས་བསལ་གང་ཡང་ཐོན་མེད་པས། དཔྱད་བརྗོད་པ་ཁག་ཅིག་གིས་གྲོས་མོལ་དེའི་དམིགས་ཡུལ་གཙོ་བོ་ཕྱོགས་གཉིས་བར་ཡིད་ཆེས་བསྐྲུན་ཆེད་ཡིན་པ་དང་། གྲུབ་འབྲས་ཐོན་པར་ཕྱོགས་གཉིས་ཀྱི་འགོ་ཁྲིད་ཚོའི་འདུན་པ་དང་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་འགྲོས་ལ་རག་ལུས་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།