བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱ་ནག་གི་ཨོ་རྩལ་ལ་ངོ་རྒོལ་ལས་འགུལ་སྤེལ་སོང་། 

ཟླ་༢ པའི་ཚེས་༤ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་འགོ་འཛུགས་བྱེད་ཀྱི་ཡོད་པས། ཚེས་༣ ཉིན་རྒྱལ་སྤྱིའི་ནང་བོད་དང་ཧོང་ཀོང་། ཡུ་གུར་སོགས་ཀྱི་ལས་འགུལ་ཚོགས་པ་མང་པོ་ཞིག་གིས་ངོ་རྒོལ་ལས་འགུལ་སྤེལ་གྱི་ཡོད་པས། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཀྱང་ལས་འགུལ་དེར་མཉམ་ཞུགས་ཀྱིས། རྡ་ས་མེག་གྷན་གྱི་ཆར་རླུང་ཁྲོད་དུ་ངོ་རྒོལ་ལས་འགུལ་སྤེལ་སོང་།

ཟླ་༢ པའི་ཚེས་༤ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་འགོ་འཛུགས་བྱེད་ཀྱི་ཡོད་པས། ཚེས་༣ ཉིན་རྒྱལ་སྤྱིའི་ནང་བོད་དང་ཧོང་ཀོང་། ཡུ་གུར་སོགས་ཀྱི་ལས་འགུལ་ཚོགས་པ་མང་པོ་ཞིག་གིས་ངོ་རྒོལ་ལས་འགུལ་སྤེལ་གྱི་ཡོད་པས། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཀྱང་ལས་འགུལ་དེར་མཉམ་ཞུགས་ཀྱིས། རྡ་ས་མེག་གྷན་གྱི་ཆར་རླུང་ཁྲོད་དུ་ངོ་རྒོལ་ལས་འགུལ་སྤེལ་སོང་།

ངོ་རྒོལ་ལས་འགུལ་སྤེལ་མཁན་གྱི་ཚོགས་པ་ཚོས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གཞུང་འབྲེལ་ཐོག་ནས་རྒྱ་ནག་གི་ཨོ་རྩལ་ལ་ངོ་རྒོལ་བྱེད་པ་དང་། རྩེད་མོ་བ་དང་སྦྱིན་བདག་ཚོར་རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གྱི་བྱ་སྤྱོད་དེ་ཁྲིམས་མཐུན་མི་བཟོ་བའི་རེ་སྐུལ་བྱས་འདུག 

རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིན་འཛིན་ཆོས་སྒྲོན་གྱིས་གསུང་དོན། “བོད་ནང་ག་རེ་འབྱུང་གི་ཡོད་པ་གཅིག་པུས་རྒྱ་ནག་གི་ཨོ་རྩལ་ལ་ངོ་རྒོལ་བྱེད་དགོས་པ་ནི་རྒྱུ་མཚན་དང་ལྡན་པ་ཡིན་པ་ཤེས་ཐུབ། རྒྱ་ནག་གཞུང་གིས་ཉེ་ཆར་བོད་ནང་གི་ཤེས་ཡོན་ཅན་དང་ལས་འགུལ་བ་སྒོ་ཤེས་རབ་རྒྱ་མཚོ་ལ་ཁྲིམས་ཆད་བཏང་བ་དང་། བྲག་མགོའི་སྟོན་པའི་སྐུ་གཏོར་བཤིག་བཏང་བ་སོགས་ལས་བོད་ཀྱི་ངོ་བོ་དང་རིག་གཞུང་རྩ་མེད་གཏོང་རྒྱུའི་འཆར་གཞི་དང་ཆོད་སེམས་བརྟན་པོ་ཡོད་པ་གསལ་པོ་རེད་”ཅེས་དང་། བོད་ནང་དུ་བོད་ཀྱི་ཕྲུ་གུ་དང་གཞོན་སྐྱེས་ས་ཡ་གཅིག་ལྷག་རྒྱ་ནག་གི་མེ་སེར་སྤེལ་བྱེད་ཀྱི་གཏན་སློབ་ཁག་ནང་དུ་བཞག་ཡོད་པ་དང་། དེ་དག་གི་ནང་དུ་བོད་ཀྱི་སྐད་ཡིག་དང་ངོ་བོར་སྲུང་སྐྱོབ་མེད་སྐོར་འགྲེལ་བརྗོད་བྱས་འདུག 

བོད་རང་བཙན་སློབ་ཕྲུག་ཚོགས་པས་སྤེལ་བའི་བསྒྲགས་གཏམ་ནང་དུ། རྒྱལ་སྤྱིའི་རང་དབང་ཁང་པས་བོད་དེ་འཛམ་གླིང་ནང་རང་དབང་གི་ཚད་གཞི་དམའ་ཤོས་ཀྱི་རྒྱལ་ཁབ་ལ་བསྟུད་མར་ངོས་འཛིན་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་༢༠༠༨ ལོའི་ཨོ་རྩལ་འགྲན་ཚོགས་ལྟར། ཕྱི་ལོ་༢༠༢༢ ལོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་ཡང་རྒྱ་ནག་གཞུང་གིས་བོད་མི་རྣམས་བདེ་སྐྱིད་ངང་གནས་བཞིན་པའི་རྣམ་པ་སྟོན་ཐབས་བྱེད་རྒྱུ་ཡིན་པ་དང་། ཕྱི་ལོ་༢༠༡༥ ལོར་རྒྱ་ནག་ལ་ཕྱི་ལོ་༢༠༢༢ ལོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་གོ་སྒྲིག་བྱེད་རྒྱུ་གཏན་འཁེལ་བྱུང་བ་ནས་བཟུང་། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་བྱ་སྤྱོད་རབ་དང་རིམ་པ་སྤེལ་ཡོད་པ། དེ་བཞིན་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་སྦྱིན་བདག་བྱེད་མཁན་ཚོང་ལས་ཁང་ཚོས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་འགན་འཁུར་མེད། ཨོ་སི་ཀྲོ་ལི་ཡ་དང་ཁེ་ན་ཌ། ཉི་ཧོང་། ལཱི་ཐུ་ནི་ཡ། ཨ་རི། དབྱིན་ཡུལ་སོགས་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་གཞུང་འབྲེལ་ཐོག་ནས་ངོ་རྒོལ་བྱས་ཏེ་དབུ་འབྱེད་དང་མཇུག་སྡོམ་མཛད་སྒོར་མཐོ་རིམ་འགོ་ཁྲིད་ཀྱི་སྐུ་ཚབ་གཏོང་རྒྱུ་མིན་པའི་གསལ་བསྒྲགས་བྱས་ཡོད་པ་རེད། ཨོ་རྩལ་ལ་ངོ་རྒོལ་བྱེད་མཁན་དང་མི་བྱེད་མཁན་གྱི་རྒྱལ་སྤྱིའི་གཞུང་ཚང་མས་རྩེད་མོ་བ་རྣམས་ལ་རྒྱབ་སྐྱོར་བྱེད་པ་ཙམ་མིན་པར། འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གྱི་རྣམ་པ་གསལ་པོ་སྟོན་དགོས་སྐོར་བརྗོད་འདུག 

དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་བྱེད་བསྟན་འཛིན་ལེགས་ལྡན་གྱིས། ཨོ་རྩལ་གྱི་སྒྲིག་ཁྲིམས་ནང་དུ་རྩེད་མོ་བ་ཚོས་རྒྱལ་ཁའི་སྟེགས་བུའི་སྟེང་དུ་རྒྱ་ནག་ལ་ཁ་གཏད་ཀྱི་རྣམ་པ་སྟོན་ཆོག་གི་མེད་ཁར། རྒྱ་ནག་གཞུང་གིས་ཀྱང་རྩེད་མོ་བ་ཚོར་རྒྱ་ནག་ལ་ཁ་གཏད་ཀྱི་སྐྱོན་བརྗོད་བྱས་ཚེ་དཀའ་ངལ་འཕྲད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པས། རྩེད་མོ་བ་ཚོའི་བདེ་འཇགས་ལ་རྩིས་མེད་གཏོང་གི་ཡོད་པ་གསལ་པོ་ཡིན་སྐོར་གསུངས་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།