ཆེད་བརྗོད།
ཉེ་ཆར་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་རྡོ་རྗེ་གླིང་དུ་དགའ་ལྡན་ཕོ་བྲང་དེ་དབུས་གཙང་གི་གཞུང་རེད་ཅེས་པའི་བཤད་སྲོལ་ཡོད་པ་དང་། ཁམས་དང་། ཨ་མདོ། མངའ་རིས་བཅས་ཀྱི་མིས་ལྷ་སར་འགྲོ་སྐབས་“བོད་དུ་འགྲོ་”ཞེས་བརྗོད་སྲོལ་ཡོད་པ་དང་། དེ་ཡང་སེམས་ནང་གི་སྐད་ཆ་དེ་ཡིན་ཚུལ་སོགས་མདོར་ན། འདས་པའི་ལོ་རྒྱུས་ནང་གཞུང་དགའ་ལྡན་ཕོ་བྲང་གི་འོག་ཏུ་གོང་གསལ་གྱི་ས་ཆ་དེ་དག་ཚུད་མེད་པ་ལྟ་བུའི་གསུང་བབས་ལ་བརྟེན། ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་གླེང་སློང་ཤུགས་ཆེ་བྱེད་བཞིན་འདུག དེ་དག་ལ་རགས་ཙམ་བལྟས་ན་ཆབ་སྲིད་ལ་དོ་སྣང་ཡོད་མཁན་མང་པོ་ཞིག་གིས་ཁ་ཞེ་གཉིས་མེད་ཀྱིས་སེམས་འཚབ་བྱེད་པ་དང་། ནམ་རྒྱུན་འུར་འདྲོགས་ལ་དགའ་མཁན་མང་ཙམ་ཞིག་གིས་རི་བོང་ཅལ་འདྲོགས་ལྟ་བུའི་གླེང་ཕྱོགས་བཟོ་མཁན་ཡང་འདུག ཁག་ཅིག་གིས་དེ་ཡང་དག་པ་ཡིན་པ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་དང་། ༧རྒྱལ་དབང་ཀརྨ་པ་གཉིས་མགྲིན་དབྱངས་གཅིག་གྱུར་ཡིན་ཚུལ་སོགས་ཕྱོགས་གང་ཐད་ནས་བསམ་ཚུལ་འདོན་མཁན་ཧ་ཅང་མང་པོ་འདུག
བོད་ས་མ་ཤོར་གོང་ངག་རྒྱུན་དུ་ག་འདྲ་ཤོད་སྲོལ་ཡོད་མེད་བརྙན་པར་དང་། སྒྲ་འཇུག་བྱས་པ་གང་ཡང་མེད་པར་ཁ་ཚོན་གཅོད་དཀའ་ནའང་། ཡིག་ཐོག་ཏུ་ཡོད་པ་རེ་ཟུང་ནང་ཆབ་སྲིད་ཀྱི་རྒྱབ་ལྗོངས་གང་ཡང་མེད་ཀྱང་། ཨ་མདོ་ནས་དབུས་ལ་འགྲོ་བའི་སྐབས་“བོད་དུ་འགྲོ་”ཞེས་པ་ལྟ་བུ་བྲིས་ཡོད་པའང་རེ་ཟུང་ཡོད་སྲིད་པ་སོགས། དེ་དང་དེ་ལྟ་བུའི་གནས་ཚུལ་ཡོད་ཀྱང་། དེས་རང་ཉིད་བོད་པ་མ་ཡིན་པ་དང་། དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་མ་ཡིན་པའི་སྒྲུབ་བྱེད་གཏན་ནས་མིན། རྩ་བས་བོད་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ། འགྲིམ་འགྲུལ་དཀོན་པ་སོགས་ཀྱིས་དགའ་ལྡན་ཕོ་བྲང་སོགས་ཀྱི་སྐབས་བོད་ས་ཡོངས་རྫོགས་ལ་གཅིག་གྱུར་གྱིས་དབང་ལུང་ཁྱབ་བསྒྱུར་བྱེད་ཐུབ་མིན་སྣ་ཚོགས་ཤིག་ཡོད་སྲིད་ཀྱང་། ཁམས་ཕྱོགས་ལ་མཚོན་ན་ཆོས་ཕྱོགས་ཙམ་མ་ཡིན་པར་སྲིད་ཕྱོགས་ནས་ཀྱང་། ལི་ཐང་སྡེ་པ་དང་།འབའ་ཡི་སྡེ་པ་ལྟ་བུ་དགའ་ལྡན་ཕོ་བྲང་གཞུང་གིས་བསྐོས་པའི་ཆབ་སྲིད་ཀྱི་སྐུ་ཚབ་ཡོད་མཁན་ཡོད་ལ། ཉག་རོང་སྤྱི་ཁྱབ་དང་ཕྱིས་སུ་མདོ་སྨད་སྤྱི་ཁྱབ་ཅེས་ཆབ་མདོར་ཡོད་པ་སོགས་ཆབ་སྲིད་ཀྱི་ཐོག་ནས་དབང་ཤུགས་ཆེན་པོ་ཡོད།
བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་པ་ནས་བཟུང་དུས་འགྱུར་མ་བྱུང་བར་ཆོས་སྲིད་གཉིས་ཀྱི་འཛིན་སྐྱོང་ཟུང་འབྲེལ་གྱི་ཐོག་ནས་སོང་ཡོད་ལ། ཆོས་ཕྱོགས་ཀྱི་ཤུགས་རྐྱེན་ནི་ཆབ་སྲིད་ལས་ཀྱང་ནུས་ཤུགས་ཆེ་བ་ཡོད། ཨ་མདོའི་ཕྱོགས་ཙམ་དུ་མ་ཟད་ཨ་མདོ་མཐའ་མཚམས་ཅོ་ནེ་ལྟ་བུ་ནས་ཀྱང་དགའ་ལྡན་ཁྲི་པ་བྱོན་མྱོང་བ་དང་། གཞན་ཡང་ཨ་མདོའི་ས་ཁུལ་མང་པོ་ནས་དགའ་ལྡན་ཁྲི་པ་བྱོན་མྱོང་། དེ་བཞིན་ཁམས་ཀྱི་ས་ཁུལ་ནས་ཀྱང་གཅིག་མཚུངས་ཡིན་པས། སྐབས་དེར་དགའ་ལྡན་ཁྲི་པ་དེ་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཡིན་པ་ཙམ་དུ་མ་ཟད།དགའ་ལྡན་ཕོ་བྲང་གཞུང་གི་ནང་དབང་ཤུགས་ཧ་ཅང་ཆེ་བའི་མི་སྣ་ཞིག་ཡིན་པས། ཆབ་སྲིད་ཀྱི་ཐོག་ནས་ཁམས་དང་ཨ་མདོ་དགའ་ལྡན་ཕོ་བྲང་གི་ཁོངས་གཏོགས་མ་རེད་ཅེས་བརྗོད་ན་རྒྱུ་མཚན་གང་ཡང་མེད། དེ་བཞིན་དགའ་ལྡན་ཕོ་བྲང་པ་ཆེན་པོའི་སྲིད་དབང་ཕྱི་ལོ་༡༦༤༢ ལོར་དབུ་བརྙེས་པའི་རྗེས་སུ་རྒྱལ་དབང་ལྔ་པ་ཆེན་པོའི་ཁམས་དང་ཨ་མདོའི་ས་ཁུལ་དུ་བླ་ཆེན་མང་པོ་ཞིག་ཆེད་གཏོང་གིས་དགོན་སྡེ་གང་མང་ཞིག་གསར་འཛུགས་སམ་འཛིན་སྐྱོང་གནང་དགོས་པའི་བཀའ་གནང་ཡོད།
དཔེ་མཚོན་རེ་ཟུང་ཞིག་ཞུས་ན། ཁམས་མུ་ལིའི་ཕྱོགས་སུ་བླ་མ་འཇམ་དབྱངས་བཟང་པོ་དང་། ཏྲེ་ཧོར་ཕྱོགས་སུ་རྫ་ཆོས་རྗེ་སོགས་རི་བོ་དགེ་ལྡན་པའི་བླ་ཆེན་མང་པོ་ཞིག་ཆེད་མངགས་ཀྱིས་དགོན་སྡེ་མང་པོ་ཞིག་གསར་འཛུགས་དང་། སྔར་ཡོད་དགོན་སྡེ་ཁག་འཛིན་སྐྱོང་གིས་ཆོས་སྲིད་གཉིས་ཐད་ནས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དེ་བཞིན་ཁམས་རི་བོ་ཆེ་ནས་ཡིན་པའི་རྫོགས་ཆེན་སྐུ་ཕྲེང་དང་པོ་པདྨ་རིག་འཛིན་དང་། དབུས་འཕན་པོ་ནས་ཡིན་པའི་ཞེ་ཆེན་རབ་འབྱམས་སྐུ་ཕྲེང་དང་པོ། ཁམས་ནང་ཆེན་ནས་ཡིན་པའི་གཏེར་ཆེན་ཉི་མ་གྲགས་པ་སོགས་ཁམས་ཕྱོགས་སུ་རྒྱལ་དབང་ལྔ་པ་ཆེན་པོས་ཆེད་གཏོང་གིས་སྔ་འགྱུར་རྙིང་མ་པའི་དགོན་སྡེ་གསར་འཛུགས་དགོས་པའི་བཀའ་མངགས་དང་།དགོན་ས་གང་དུ་འདེབས་དགོས་མིན་སོགས་ཀྱང་ལུང་བསྟན་གནང་བ་བཞིན། ཁམས་སྡེ་དགེའི་ས་ཆ་རུ་སྔ་འགྱུར་རྙིང་མའི་མ་དགོན་གྲས་རྫོགས་ཆེན་དགོན་པ་དང་། ཞེ་ཆེན་དགོན་པ་སོགས་རིམ་གྱིས་གསར་བཞེངས་ཞུས་ཡོད་པ་ལོ་རྒྱུས་ཀྱི་དོན་དངོས་ཡིན་མ་ཟད། ཆོས་བརྒྱུད་གཞན་དང་གཞན་དུའང་དེ་ལྟ་བུའི་ལོ་རྒྱུས་ཡོད།
སྐབས་དེ་དུས་དགོན་སྡེ་ཁག་ནི་ཆོས་སྲིད་ཀྱི་དབང་ཤུགས་གང་ཐད་ནས་ས་གནས་སྲིད་གཞུང་ཞིག་དང་གཅིག་མཚུངས་ཡིན་པ་དང་། བོད་ས་མ་ཤོར་བར་ཨ་མདོའི་ས་ཆ་མང་ཆེ་བར་སེ་འབྲས་དགེ་གསུམ་གྱི་བླ་བསྐོས་གཏོང་སྲོལ་ཡོད་ཅིང་། དེའི་མིང་ལ་ཡོངས་གྲགས་སུ་”དབུས་བླ་”ཞེས་འབོད། མངའ་རིས་ཀྱི་སྐོར་ནི་དེ་བས་ཀྱང་བརྗོད་མི་དགོས་པར་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུའི་གསུང་ལ་མཇལ་ན་ཤེས་ཐུབ། མདོར་ན་ད་ལྟའི་ཆབ་སྲིད་ཀྱི་སྒྲོམ་གཞི་དང་མཚུངས་པའི་ཐིག་ཤིང་ཞིག་ཁུར་ནས་གནའ་བོའི་ལོ་རྒྱུས་ལ་བསྡོམས་རྒྱག་མི་རུང་བ་མ་ཟད། རྒྱ་ནག་གཞུང་ཙམ་དུ་མ་ཟད་རྒྱལ་སྤྱིའི་ཁྱོན་དུ་རྒྱ་གཞུང་གིས་གནོན་ཤུགས་ལ་བརྟེན་ནས་བོད་ཅེས་པ་བོད་རང་སྐྱོང་ལྗོངས་གཅིག་པུ་ལ་གོ་བ་ལེན་མཁན་མང་བའི་སྐབས་འདིར། བོད་པའི་ཆབ་སྲིད་དབུ་ཁྲིད་ཀྱིས་རྒྱ་གཞུང་གིས་ཤོད་ཚུལ་དང་གཅིག་པ་བཤད་ན་ཤུགས་རྐྱེན་གཞན་ལས་ཆེ་བ་དང་། ཕྱི་ལོ་༡༩༩༢ ཙམ་ལ་ཕར་སྤྲོད་ཚུར་ལེན་གྱི་གླེང་རྙོག་མང་པོ་ཞིག་བྱུང་མྱོང་བའི་མཇུག་སྐྱོང་ལྟ་བུ་གཏན་ནས་མི་འོས་པར་འདི་ནི་ཆབ་སྲིད་ཀྱི་ཐོག་ནས་སྐྱོ་གར་ཞིག་ཏུ་འགྱུར་ངེས།།