བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་མང་མོས་ཀྱིས་གཏན་འབེབས་གནང་འདུག

ཟླ་འདིའི་ཚེས་༡༣ ་ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་མང་མོས་ཀྱིས་གཏན་འབེབས་གནང་འདུག
གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་༣༩༡ གིས་མོས་མཐུན་དང་གྲོས་ཚོགས་འཐུས་མི་༢༦ གིས་དགག་བྱ་གནང་རྗེས་ཁྲིམས་ཡིག་དེ་ཉིད་ཨ་རིའི་སྲིད་འཛིན་ལས་ཁུངས་སུ་ཆེས་མཐའ་མའི་བཀའ་ཁྲོལ་སླད་འགྲོ་བཞིན་ཡོད་འདུག
ཁྲིམས་འཆར་དེ་ཟླ་༥ ཚེས་༢༣ ཉིན་གྲོས་ཚོགས་གོང་མའི་ནང་གཏན་འབེབས་བྱུང་ཞིང་། གྲོས་ཚོགས་གོང་མས་སྣོན་འཕྲི་བཏང་བའི་ཁྲིམས་འཆར་དེ་སླར་ཡང་གྲོས་ཚོགས་འོག་མར་བསྐྱར་ཞིབ་སླད་བསློགས་ཡོད་འདུག

ཟླ་འདིའི་ཚེས་༡༡ ་ཉིན་ཁྲིམས་འཆར་ངོ་སྤྲོད་གནང་མཁན་གྲོས་ཚོགས་འཐུས་མི་ཇིམ་མེག་གོ་ཧན་དང་གྲོས་ཚོགས་འཐུས་མི་མ་ཧི་ཀལ་མེག་ཀོལ་གཉིས་ཀྱིས་གྲོས་ཚོགས་འོག་མའི་ནང་སླར་ཡང་ངོ་སྤྲོད་ཀྱིས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་ཡོད་འདུག

གནས་ཚུལ་དེ་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་ཏུ་སྐབས་དེར་གྲོས་ཚོགས་འཐུས་མི་མ་ཧི་ཀལ་མེག་ཀོལ་ལགས་ཀྱིས། རྒྱ་ནག་དམར་ཤོག་ཚོགས་པས་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་གྱི་འཁྱོག་བཤད་དེ་ཨ་རིས་ནམ་ཡང་ཁས་ལེན་བྱས་མེད། ཁྲིམས་འཆར་འདིས་ཨ་རིའི་སྲིད་ཇུས་གསལ་པོ་བཟོས་ཡོད་པ་དང་། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་ཆོས་ལུགས། རིག་གཞུང་བཅས་གསལ་སྟོན་བྱས་ཡོད། དེས་ཨ་རིའི་ཕྱི་འབྲེལ་ཐབས་ཇུས་ལ་བཀོད་འདོམས་བྱས་ཏེ་རྒྱ་ནག་དམར་ཤོག་ཚོགས་པའི་རྫུན་གཏམ་ལ་དགག་པ་རྒྱག་གི་ཡོད་པ་མ་ཟད། བོད་མི་ཚོར་སོ་སོའི་མ་འོངས་པའི་གནད་དོན་ཐད་ཐག་གཅད་རྒྱུའི་ཐོབ་ཐང་ཡང་སྤྲོད་ཀྱི་ཡོད། གཞན་ཡང་ཁྲིམས་འཆར་འདིས་རྒྱ་ནག་དམར་ཤོག་ཚོགས་པ་དང་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་ཀྱི་འགོ་ཁྲིད་ཚོའི་དབར་གྲོས་མོལ་བྱེད་དགོས་པའི་ནན་བརྗོད་གནང་གི་ཡོད། ཁྲིམས་འཆར་འདི་གཏན་འབེབས་བྱས་པ་དེས་ཨ་རི་གཞུང་གིས་ད་ལྟའི་བོད་ནང་གི་གནས་སྟངས་དེ་ངོས་ལེན་བྱ་ཐབས་མེད་པ་གསལ་པོ་བཟོས་ཡོད་པ་རེད། ངས་ཁྲིམས་འཆར་འདི་སྲིད་འཛིན་མཆོག་གི་ཡིག་ཅོག་སྟེང་དུ་གང་མགྱོགས་ཀྱིས་གཏན་འབེབས་བྱས་ཏེ། བོད་མི་རྣམས་ལ་སོ་སོའི་མ་འོངས་པའི་གནས་སྟངས་ཐག་གཅོད་རྒྱུའི་ཐོབ་ཐང་སྤྲད་པ་དེ་ལས་ལྷག་པའི་བརྡ་ལན་ནམ་ལེགས་སྐྱེས་ཤིག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རྣམས་ལ་སྤྲད་རྒྱུ་ཡོད་པ་ངའི་བསམ་བློའི་ནང་འཁོར་གྱི་མི་འདུག ཅེས་གསུངས་ཡོད་པ་དང་།

གྲོས་ཚོགས་འཐུས་མི་བྷིལ་ཀི་ཀྲིང་ལགས་ཀྱིས། ཡུན་རིང་རྒྱ་ནག་གཞུང་གིས་བོད་མི་མང་ལ་བཙན་གནོན་བྱས་ཡོད་པ་དང་། བོད་ཀྱི་མ་འོངས་པའི་སྐོར་༸གོང་ས་ཏཱ་ལའི་བླ་མའམ་ཁོང་གི་སྐུ་ཚབ་ཚོ་དང་ལྷན་དུ་དོན་སྙིང་ལྡན་པའི་གྲོས་མོལ་བྱས་མེད། ཁྲིམས་འཆར་འདིས་རྒྱ་ནག་གཞུང་གི་བཙན་གནོན་ཐབས་ཇུས་དང་བོད་དོན་སྐོར་གྱི་གནས་ཚུལ་འཁྱོག་བཤད་བྱེད་བཞིན་པ་དག་ལ་ངོ་རྒོལ་བྱེད་ཀྱི་ཡོད། ཁྲིམས་འཆར་འདི་ལ་བརྟེན་ནས་ང་ཚོས་བོད་ཀྱི་གནད་དོན་ལ་གཡོ་བ་མེད་པའི་རྒྱབ་སྐྱོར་སྔར་ལས་ཇེ་བརྟན་དུ་བཏང་ཡོད་པར་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་སྐུ་ཚབ་ཚོ་དང་ལྷན་དུ་དོན་དམ་གྱི་གྲོས་མོལ་བྱེད་དགོས་པའི་སྐུལ་དེད་ཀྱང་བཏང་ཡོད། གཞན་ཡང་ཁྲིམས་འཆར་འདི་ཡིས་ང་ཚོའི་ཕྱི་འབྲེལ་གྱི་ནུས་ཤུགས་ཆེ་རུ་བཏང་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཐོག་རྫུན་བསྒྲགས་བྱེད་པའི་ལས་འགུལ་ལ་ཁ་གཏད་བཅག་པའི་སྒོ་ནས་ཕྱི་ལོ ༢༠༠༢ ལོའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་ཇུས་ཀྱི་ནུས་ཤུགས་ཆེ་རུ་བཏང་ཡོད། ཅེས་གསུངས་ཡོད་འདུག

ཁྲིམས་འཆར་འདི་རྩོམ་མཁན་གྲོས་ཚོགས་འཐུས་མི་ཇིམ་མེག་གྷོ་ཧན་ལགས་ཀྱིས། འཛམ་གླིང་ནང་རྩོད་རྙོག་གིས་ཁེངས་ཡོད། རྩོད་རྙོག་མང་པོའི་ནང་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་དང་། བོད་དང་རྒྱ་ནག་དབར་གྱི་ལོ་ངོ་བཅུ་ཕྲག་མང་པོའི་རིང་གི་བཙན་འཛུལ་དང་། འགོག་རྒོལ། གྱེན་ལོག་བཅས་ཀྱི་དཀའ་རྙོག་དེ་ཡང་འཚུད་ཡོད། ཕུགས་རྒྱང་རིང་པོའི་ཆ་ནས་དྲག་སྤྱོད་བསྐྱར་དུ་འབྱུང་མི་སྲིད་པའི་འགན་ལེན་བྱེད་མཁན་ཉག་གཅིག་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆེ་མཐོང་ལ་ཡོངས་སུ་བརྩི་བཀུར་བྱེད་རྒྱུ་དེ་རེད། ཁྲིམས་འཆར་འདི་ལ་འོས་ཤོག་འཕེན་པ་ནི་བོད་མིའི་ཐོབ་ཐང་ལ་ངོས་འཛིན་བྱེད་པའི་འོས་ཤོག་ཅིག་ཡིན་པ་མ་ཟད། བོད་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་གྱི་རྩོད་རྙོག་དེ་རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་གིས་སྔོན་འགྲོའི་ཆ་རྐྱེན་མེད་པར་ཞི་བའི་སྒོ་ནས་སེལ་དགོས་པའི་ནན་བརྗོད་ཀྱང་གནང་གི་ཡོད། ཅེས་གསུངས་པ་སོགས་བཀོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *