བོད་ལ་དྲན་སྐུལ་ཞིག་ཏུ་གྱུར་ཡོད།

ཉེ་ཆར་རྒྱ་གར་གྱི་གྲོས་ཚོགས་ནང་ཀ་ཤི་སྨིར་དང་འབྲེལ་བའི་རྩ་ཁྲིམས་དོན་ཚན་༣༧༠ པ་ཕྱིར་འཐེན་བྱས་ཡོད་པ་དང་། དེ་ནི་རྒྱ་གར་གྱི་སྲིད་བློན་ནེ་ཧ་རུ་ཡིན་པའི་སྐབས་སུ་གཏན་འབེབས་བྱས་ཤིང་། རྩོད་རྙོག་ཧ་ཅང་མང་པོ་བྱུང་མྱོང་བའི་རྩ་ཁྲིམས་ཀྱི་དོན་ཚན་ཞིག་ཏུ་གྱུར་ཡོད་པ་རེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༦༤  ཕྱི་ལོ་ ༢༠༡༩/༨ /༡༤

ཉེ་ཆར་རྒྱ་གར་གྱི་གྲོས་ཚོགས་ནང་ཀ་ཤི་སྨིར་དང་འབྲེལ་བའི་རྩ་ཁྲིམས་དོན་ཚན་༣༧༠ པ་ཕྱིར་འཐེན་བྱས་ཡོད་པ་དང་། དེ་ནི་རྒྱ་གར་གྱི་སྲིད་བློན་ནེ་ཧ་རུ་ཡིན་པའི་སྐབས་སུ་གཏན་འབེབས་བྱས་ཤིང་། རྩོད་རྙོག་ཧ་ཅང་མང་པོ་བྱུང་མྱོང་བའི་རྩ་ཁྲིམས་ཀྱི་དོན་ཚན་ཞིག་ཏུ་གྱུར་ཡོད་པ་རེད། ད་ལྟའི་ཆར་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ནང་མང་མོས་ཧ་ཅང་ཤུགས་ཆེ་ཡོད་པས། ཕྱོགས་འགལ་ཚོགས་པ་སུ་གཅིག་གིས་སྐྱོན་བརྗོད་དང་དགག་བྱ་ག་རེ་བྱས་ཀྱང་ནུས་པ་ཐོན་ཐུབ་ཐབས་མེད། ད་དུང་སྲིད་དོན་ཚོགས་པའི་ལམ་ལུགས་ནང་གནད་དོན་གང་ཞིག་གི་ཐོག་འཐུས་མི་སྒེར་སོ་སོར་འདོད་པ་ཡོད་མེད་ལ་མ་ལྟོས་པར་སྲིད་དོན་ཚོགས་པའི་གཏན་འབེབས་ལས་བརྒལ་མི་ཆོག་པས། གྲོས་ཚོགས་ནང་སྲིད་དོན་ཚོགས་པ་གཅིག་དབང་ཆ་ཧ་ཅང་ཆེན་པོར་གྱུར་ན་ལས་དོན་ཐག་གཅོད་སྟབས་བདེ་པོ་ཡོད་པ་དང་། ལས་དོན་བསྒྲུབ་པར་འགོག་རྐྱེན་མེད་པར་སྟབས་བདེ་ཡོད་ནའང་། གལ་སྲིད་བསམ་བློ་དང་རྒྱབ་ལྗོངས་མི་འདྲ་བ་ཞིག་གི་ཐོག་ནས་རྩ་ཁྲིམས་དང་ཁྲིམས་ཡིག་གཞན་སོགས་བསྒྱུར་བཅོས་བཏང་ན་ཉེན་ཁ་ཡང་ཆེན་པོར་གྱུར་ཡོད། 

གོང་དུ་བརྗོད་པའི་གནད་དོན་འདི་ནི་སྤྱི་ཡོངས་མང་གཙོའི་ལམ་ལུགས་ཀྱི་དཀའ་ངལ་ཞིག་ཡིན་པ་དང་། སྲིད་དོན་ཚོགས་པ་ཡོད་པའི་མང་གཙོའི་ལམ་ལུགས་སུ་ཕྱོགས་འགལ་ཚོགས་པ་ཁག་ལའང་ནུས་པ་གང་འཚམ་ཞིག་ཡོད་དགོས་པ་དེ་ཡང་གལ་ཆེན་པོར་གྱུར་ཡོད། དམར་ཤོག་ལམ་ལུགས་དང་ལྷག་པར་རྒྱ་དམར་གཞུང་གི་ཆབ་སྲིད་ལམ་ལུགས་ནང་ཕྱོགས་འགལ་ཚོགས་པ་མེད་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་ཟེར་བ་མིང་ཙམ་ཞིག་གིས་གྲོས་ཚོགས་ཀྱི་རྣམ་པ་ལྟ་བུ་ཡོད་ཀྱང་དེ་དག་ཀྱང་ཚང་མ་ལག་པ་བཀྱག་ན་འགྱོགས་མཉམ་ཡིན་པ་ལས། བསམ་ཚུལ་མི་མཐུན་པ་ཡོང་སའི་ཁོར་ཡུག་དང་གོ་སྐབས་གཉིས་ཀ་མེད། མང་གཙོའི་ལམ་ལུགས་ཡོད་པའི་སྤྱི་ཚོགས་ནང་གྲངས་ཉུང་མི་རིགས་སམ་ས་གནས་བྱེ་བྲག་པར་དམིགས་བསལ་གྱི་ཐོབ་ཐང་ཡོད་པ་དེ་དུས་ཐུང་ནང་ཕྱིར་བསྡུ་བྱེད་པའི་གནས་སྟངས་འདི་ལ་བལྟས་ན། རྒྱ་དམར་གཞུང་ལྟ་བུའི་སྲིད་གཞུང་ཞིག་གིས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་འཁོད་པའི་ཁྲིམས་ལུགས་ཁག་དུས་ཐུང་ནང་ཕྱིར་བསྡུ་བྱེད་པར་འགལ་རྐྱེན་གང་ཡང་མེད། 

བོད་དོན་ལ་འབྲེལ་བ་ཆེན་པོ་ཡོད་ཅིང་སྔོན་མ་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགོ་ཁྲིད་གཞོན་པ་དང་། ད་ལྟའི་ཆར་མི་རིགས་ལས་དོན་སྐོར་གྱི་འགོ་ཁྲིད་ཀྲུའུ་ཝེ་ཆོན་གྱིས་རྒྱ་ནག་གི་དཀའ་ངལ་མང་པོ་ཞིག་གྲངས་ཉུང་མི་རིགས་ལ་སྤྲད་པའི་ཐོབ་ཐང་ཁག་ཁྲིམས་ཐོག་ཏུ་གསལ་བ་ལ་བརྟེན་ནས་བྱུང་ཡོད་པས། མ་འོངས་པར་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ཀྱིས་གཙོས་གྲངས་ཉུང་མི་རིགས་དང་འབྲེལ་བའི་ཁྲིམས་ཡིག་ཕྱིར་བསྡུ་བྱས་ན། ད་ལྟའི་རྩོད་རྙོག་འདི་དག་ཡོང་ས་མེད་པ་དང་། རྩོད་རྙོག་འདི་དག་གི་གཞི་རྩ་གཙོ་བོ་ཁྲིམས་ལུགས་དེ་དག་ལ་བརྟེན་ནས་བྱུང་ཡོད་ཚུལ་རྩོམ་ཡིག་གི་ལམ་ནས་བརྗོད་ཡོད། དེ་ཡང་ཁོ་རང་མི་སྒེར་གཅིག་གི་བསམ་ཚུལ་ཙམ་གཞུང་གི་འགོ་ཁྲིད་ཀྱི་མིང་ཐོག་ནས་བརྗོད་སའི་ཁོར་ཡུག་ཧ་ཅང་དོག་པའི་རྒྱ་དམར་གཞུང་ལ་མཚོན་ན། དེ་ནི་གཞུང་གི་ལངས་ཕྱོགས་སམ་འཆར་གཞིའི་ས་བོན་ཞིག་ཕྱིར་བསྒྲགས་བྱས་པ་ཞིག་རེད། དེར་བརྟེན་བོད་ཀྱི་འཐབ་རྩོད་ཀྱང་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ནས་རྩོད་འཆར་འདི་ཡང་གཞི་རྩ་མེད་པ་ཞིག་ཏུ་འགྱུར་སྲིད་པ་རེད་འདུག 

ད་དུང་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་སོ་གཅིག་པའི་ནང་དུ་རྒྱལ་ཁག་གཅིག་ལ་ལམ་ལུགས་གཉིས་ཞེས་ཧོང་ཀོང་གི་ཆེད་དུ་རྩ་ཁྲིམས་ལ་བསྒྱུར་བཅོས་ཆེན་པོ་ཞིག་བཏང་ཡོད་ཀྱང་། ཡིག་ཐོག་ཏུ་འཁོད་པའི་ཁྲིམས་ལུགས་དེ་དག་ལག་བསྟར་མི་བྱེད་པའི་དཀའ་ངལ་ཆེན་པོ་ཡོད་པས། ཧོང་ཀོང་མི་མང་གིས་ལོ་ཁ་ཤས་སྔོན་ནས་ཉི་གདུགས་ཀྱི་ལས་འགུལ་སོགས་ལས་འགུལ་སྣ་མང་ཞིག་སྤེལ་ཡོད་པ་དང་། ལོ་འདིའི་ནང་ངོ་རྒོལ་གཞི་རྒྱ་ཆེན་པོ་དང་དུས་ཡུན་རིང་ཤོས་དེ་སྤེལ་བཞིན་ཡོད་པ་རེད། གནད་དོན་འདིའི་ཐོག་ནས་བལྟས་ཀྱང་རྒྱ་ནག་གི་ཁྲིམས་ཐོག་ཏུ་ཡོད་ཀྱང་ལག་བསྟར་མི་བྱེད་པ་དང་། ཁྲིམས་ལུགས་སུ་གསལ་ཡང་ཕྱིར་འཐེན་བྱེད་ཆོག་ཆོག་ཡིན་པའི་གནས་སྟངས་འདི་དག་ལ་བསམ་བློ་བཏང་ན། ང་ཚོའི་འཐབ་རྩོད་ཀྱི་ཁ་ཕྱོགས་དང་དམིགས་ཡུལ། བྱེད་ཐབས་སོགས་གང་ཐད་ནས་བསམ་ཞིབ་བྱེད་དགོས་པའི་གནད་དོན་ཉག་གཅིག་ཏུ་གྱུར་ཡོད། མང་གཙོའི་ལམ་ལུགས་ཅན་གྱི་སྤྱི་ཚོགས་སུའང་ཁྲིམས་དང་སྒྲིག་གཞི་བཅོས་བསྒྱུར་བྱེད་ཆོག་ཆོག་གི་གནས་སྟངས་འདི་ལ་བལྟས་ན་རྒྱ་གཞུང་གི་དཔོན་པོ་ཚོས་ག་རེ་བྱེད་བྱེད་དུ་གྱུར་ཡོད། 

མདོར་ན་ད་ལན་རྒྱ་གར་གཞུང་གི་རྩ་ཁྲིམས་ལ་བསྒྱུར་བཅོས་ཆེན་པོ་ཞིག་བཏང་ཡོད་པ་འདི་ལ་བརྟེན་ནས། བོད་པའི་མ་འོངས་པར་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་རྩོད་པའི་ཁ་ཕྱོགས་དང་ཕུགས་དམིགས་ལ་དྲན་སྐུལ་ཆེན་པོ་ཞིག་བཏང་ཡོད་པར་ངོས་འཛིན་བྱེད་ཆོག་ལ། མང་གཙོའི་ལམ་ལུགས་རྒྱུན་རིང་བེད་སྤྱོད་བྱས་པའི་རྒྱ་གར་ལ་མཚོན་ནའང་། ཀ་ཤི་སྨིར་གྱི་གནད་དོན་དེ་དུས་ཐུང་ནང་བསྒྱུར་བཅོས་བྱེད་ཆོག་ཆོག་ཅིག་ཏུ་གྱུར་ཡོད་ན། རྒྱ་དམར་གཞུང་ལྟ་བུའི་གཅིག་སྡུད་དང་བཙན་རྒྱལ་རིང་ལུགས་ཅན་གྱི་རྒྱལ་ཁབ་ཅིག་གི་ངོས་ནས་གྲངས་ཉུང་མི་རིགས་ཁག་གི་ཐོབ་ཐང་མེད་པ་བཟོ་རྒྱུར་བསམ་ཤེས་གང་ཡང་བྱེད་མི་སྲིད་པ་རེད། དེར་བརྟེན་བོད་པའི་ངོས་ནས་ཀྱང་འཕྲལ་ཕུགས་རྒྱང་གསུམ་གྱི་ཐོག་ནས་བསམ་བློ་བཏང་སྟེ། རྒྱ་དམར་གཞུང་དང་མཉམ་དུ་འཐབ་རྩོད་བྱེད་པར་བསྐྱར་ཞིབ་ཡག་པོ་ཞིག་བྱེད་མ་ཐུབ་ན། དུས་ཚོད་མང་པོ་ཞིག་འཕྲོ་བརླག་ཏུ་གཏོང་བ་དང་།  འཐབ་རྩོད་ལ་སེམས་ཤུགས་ཡོད་པའི་མི་མང་པོ་ཞིག་ཀྱང་རང་བཞིན་གྱིས་སེམས་ཤུགས་ཆག་ནས་རང་མགོ་གང་ཐོན་དུ་འགྱུར་རྒྱུ་ཉག་གཅིག་ཏུ་གྱུར་ཡོད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།