བོད་ལྕགས་གླང་ལོ་རྫོགས་པ།
བོད་ཀྱི་ལོ་གསར་ཁྱབ་ཆེ་ཤོས་སུ་རྩི་སྲོལ་ཡོད་པ་དེ་ནི་ཧོར་ཟླ་༡ ཚེས་༡ ཡིན་པ་དང་། དེ་ལའང་འགྲེལ་བཤད་དང་རྒྱབ་ལྗོངས་མི་འདྲ་བ་སྣ་ཚོགས་ཤིག་ཡོད། གཞན་ཡང་བོད་ཀྱི་ས་ཁུལ་ཁག་ཅིག་ཏུ་ལོ་གསར་གཏོང་རྒྱུའི་དུས་ཚེས་མི་འདྲ་བའང་རེ་ཟུང་ཞིག་ཡོད་པ་དག་ལ་རྒྱབ་ལྗོངས་ཀྱི་ལོ་རྒྱུས་མི་འདྲ་བ་སྣ་ཚོགས་ཡོད།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༨༣ ཕྱི་ལོ་ ༢༠༢༢/༢ /༢༣
བོད་ཀྱི་ལོ་གསར་ཁྱབ་ཆེ་ཤོས་སུ་རྩི་སྲོལ་ཡོད་པ་དེ་ནི་ཧོར་ཟླ་༡ ཚེས་༡ ཡིན་པ་དང་། དེ་ལའང་འགྲེལ་བཤད་དང་རྒྱབ་ལྗོངས་མི་འདྲ་བ་སྣ་ཚོགས་ཤིག་ཡོད། གཞན་ཡང་བོད་ཀྱི་ས་ཁུལ་ཁག་ཅིག་ཏུ་ལོ་གསར་གཏོང་རྒྱུའི་དུས་ཚེས་མི་འདྲ་བའང་རེ་ཟུང་ཞིག་ཡོད་པ་དག་ལ་རྒྱབ་ལྗོངས་ཀྱི་ལོ་རྒྱུས་མི་འདྲ་བ་སྣ་ཚོགས་ཡོད། གང་ལྟར་ཕྱི་ལོ་༡༠༢༧ ལོར་གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱིས་དུས་འཁོར་རྩ་རྒྱུད་བོད་དུ་བསྒྱུར་ནས་བོད་ལ་རབ་བྱུང་བརྩི་བའི་འགོ་ཚུགས་པ་དང་། རབ་བྱུང་ཞེས་པ་ནི་ལོ་རྒན་དྲུག་ཅུ་སྐོར་གཅིག་གི་མིང་ཡིན། ད་ཆ་སླེབས་ལ་ཉེ་བའི་ལོ་འདི་ནི་རབ་བྱུང་བདུན་པའི་བགྲང་བྱ་༣༦ པ་ཆུ་སྟག་ལོ་ཡིན་ཞིང་། བོད་རྒྱལ་ལོ་བརྩི་སྟངས་ཀྱི་དབང་དུ་བཏང་ན་༢༡༤༩ ལོར་སླེབས་ཡོད་པ་དང་། རྫོགས་ལ་ཉེ་བའི་བོད་རབ་བྱུང་༡༧ པའི་ལྕགས་གླང་ལོ་འདི་ནི། བོད་དོན་ལ་མཚོན་ན་ལོ་ནག་ཅིག་ཏུ་ངོས་འཛིན་བྱེད་ཆོག ནད་ཡམས་ལ་བརྟེན་ནས་འཛམ་གླིང་སྤྱི་ལ་དཀའ་ངལ་འཕྲད་པ་ཙམ་མ་ཡིན་པར། བོད་དོན་འཐབ་རྩོད་ཀྱི་ཐོག་ནས་ལོ་འདིར་གྲུབ་འབྲས་དམིགས་བསལ་བ་གང་ཡང་སོན་མེད།
སླེབས་ལ་ཉེ་བའི་ལོ་གསར་པ་འདིའི་ནང་དུ་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་རེ་བ་ག་ཚོད་ཙམ་རྒྱག་ཆོག་མིན་དང་། བོད་པ་རྣམས་ཀྱིས་ལས་དོན་ཡོངས་རྫོགས་ཀྱི་ཁ་ཕྱོགས་གཙོ་བོ་རྩ་དོན་འཐབ་རྩོད་ཀྱི་ཐོག་ཏུ་སྒྱུར་ཐུབ་མིན་ནི། སྲིད་སྐྱོང་གིས་སྣེ་ཁྲིད་པའི་བཀའ་ཤག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་གཉིས་ལ་གཙོ་བོ་རག་ལས་ཡོད་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ངོས་ནས་ཀྱང་ཕྱོགས་གང་ཞིག་ལ་ངོ་སྲུང་བྱ་རྒྱུ་དེ་གཙོ་བོ་མ་ཡིན་པར་བོད་དོན་འཐབ་རྩོད་ཀྱི་ཐོག་ལ་ཤུགས་རྒྱག་ཐུབ་ན། ལོ་འདིར་རྩ་དོན་འཐབ་རྩོད་ཀྱི་ཐོག་ནས་ནུས་པའམ་གྲུབ་འབྲས་སོན་ཐུབ་པའི་གོ་སྐབས་དང་རེ་བ་ཡོད། གཞན་བོད་དོན་འཐབ་རྩོད་དེ་གལ་ཆུང་ངུ་ཞིག་ཏུ་བརྩིས་ཤིང་། བཙན་བྱོལ་བོད་མིའི་འཚོ་ཐབས་ནི་གལ་གནད་ཆེ་ཤོས་སུ་བརྩིས་ན་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཡིན་པའི་འགན་ཁུར་རྩ་བ་ཉིད་ནས་འགྲུབ་མི་ཐུབ་པ་དང་། འཐབ་རྩོད་ཀྱི་དམིགས་ཡུལ་བརླགས་ཟིན་པའི་རྗེས་སུ་ནང་ཁུལ་རྐུབ་སྟེགས་ཀྱི་རྩོད་པ་ཙམ་ལས་དོན་དག་ཆེན་པོ་ཞིག་དུས་ནམ་ཡང་འགྲུབ་ཐབས་མེད།
ད་ལྟའི་ཆར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཞལ་བཞུགས་ཡོད་པ་དང་གཅིག རྒྱལ་སྤྱིའི་སྟེང་དུ་རྒྱ་དམར་གཞུང་ལ་ལྟ་སྟངས་ཧ་ཅང་སྡུག་ཏུ་སོང་ཡོད་པ་དང་གཉིས། འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཀུན་ཏུ་མང་ཉུང་ལ་མ་ལྟོས་པར་བོད་པ་ཡོད་པ་དང་གསུམ་བཅས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་བྱ་རྒྱུར་གོ་སྐབས་དང་ནུས་པ་ཆ་ཚང་འཛོམས་ཡོད། གོ་སྐབས་དང་ནུས་པ་འདི་ལྟ་བུ་ཞིག་ཡོད་པ་དེ་དམ་འཛིན་བྱེད་མ་ཐུབ་ན། མ་འོངས་པར་རྒྱལ་སྤྱིའི་སྟེང་མུ་མཐུད་འདི་ལྟ་བུའི་གོ་སྐབས་བཟང་པོ་ཞིག་འཆར་ཐུབ་མིན་ནི་ཧ་ཅང་བཤད་དཀའ་བ་ཞིག་རེད། ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཡིན་པའི་ཆ་ནས་ལས་འགུལ་སྤེལ་ཐུབ་ན། ནང་ཁུལ་ལྟ་ཚུལ་མི་མཐུན་པའི་རྩོད་རྙོག་ཆུང་ཙག་རིགས་ཀྱང་རིམ་པས་ཉུང་དུ་འགྲོ་བ་དང་། སྒོར་ཟུར་ལྔ་པར་འབོད་པའི་རྒྱ་གཞུང་གིས་གསོས་པའི་དྲ་འབུ་དག་གི་ལས་ཀའང་ཉུང་དུ་འགྲོ་ངེས་རེད། དེར་བརྟེན་རྒྱལ་སྤྱིའི་སྟེང་དུ་བོད་དོན་འཐབ་རྩོད་ཀྱི་ཐོག་ལ་ཤུགས་རྒྱག་མ་ཐུབ་ན་གཞན་གང་གིས་ཀྱང་བོད་དང་བོད་མི་གཏན་ནས་སྐྱོབ་མི་ཐུབ།
མང་པོ་ཞིག་གི་བསམ་བློའི་ནང་བོད་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་ལས་ཀྱང་། ཆོས་དང་རིག་གནས་སྲུང་སྐྱོབ་བྱས་ན་ཕན་པ་ཆེ་བའི་ལྟ་ཚུལ་ཡོད། མི་རིགས་ཤིག་གནས་དང་མི་གནས་ཆོས་དང་རིག་གནས་ལ་ཐུག་ཡོད་ཀྱང་། ཆོས་དང་རིག་གནས་སྲུང་སྐྱོབ་བྱེད་ཐུབ་དང་མི་ཐུབ་དེ་ཡང་མི་རིགས་དེ་ལ་རང་གི་ངོ་བོ་མཚོན་པའི་ཆོས་དང་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་ཆབ་སྲིད་ཀྱི་རང་དབང་ཡོད་མེད་ཁོ་ན་ལ་ཐུག་ཡོད། བོད་པའི་ངོས་ནས་ཆོས་དང་རིག་གནས་ཁོ་ནའི་ཆེད་དུ་རྩོད་པ་རྒྱག་གི་ཡོད་པའི་འགྲེལ་བརྗོད་དང་། དམིགས་ཡུལ་ཡང་དེ་རང་བཟུང་ནས་ཆབ་སྲིད་ཀྱི་འཐབ་རྩོད་མི་བྱེད་པར་རྒྱ་གཞུང་གི་འོག་ཏུ་སྡོད་རྒྱུའི་བསམ་བློ་བཏང་ན། རྒྱ་གཞུང་གིས་ཆབ་སྲིད་ཀྱི་དབང་ཆ་བེད་སྤྱོད་བཏང་ནས་བོད་ཀྱི་ཆོས་དང་རིག་གནས་རིམ་བཞིན་རྩ་མེད་དུ་གཏོང་རྒྱུའི་སྦྱོར་བ་རྩོམ་ངེས་ཡིན་པ་ནི། འདས་པའི་ལོ་རྒྱུས་ཀྱི་ཐོག་ནས་རྟོགས་ཐུབ་པ་ཞིག་རེད། བོད་ཀྱི་ཆོས་དང་རིག་གནས་རྒྱུན་འཛིན་དགོས་པ་དེ་གལ་ཆེན་པོ་ཡིན་པ་དང་ཆབ་སྲིད་ཀྱི་རང་དབང་དགོས་པ་གཉིས་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཡིན།
མདོར་ན་བོད་དོན་འཐབ་རྩོད་ཀྱི་ཐོག་ལ་ཤུགས་རྒྱག་མ་ཐུབ་ན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ནི་ཀང་ར་རྫོང་དཔོན་གྱི་གོ་གནས་ཙམ་ཡང་མིན་པ་དང་། སྤྱི་འཐུས་རྣམས་ནི་གྲོང་སྡེ་ལས་ཁུངས་ཀྱི་འཐུས་མིའི་གོ་གནས་ཙམ་ཡང་མིན། དེར་བརྟེན་དབང་ཆ་དང་རྐུབ་སྟེགས་ཀྱི་རྩོད་པ་རྒྱག་སའི་ཡུལ་གང་ཡང་མེད་པ་དེ་ངོ་ཤེས་པ་ཞིག་གནང་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད། མ་འོངས་པར་བོད་དོན་འཐབ་རྩོད་ཀྱི་ཐོག་ལ་ཤུགས་རྒྱག་མ་ཐུབ་ན་བོད་མིའི་སྒྲིག་འཛུགས་གསར་འཛུགས་དགོས་པའི་དམིགས་ཡུལ་དང་། དགོས་པ། རྒྱུ་མཚན་སོགས་གང་ཐད་ནས་ཕན་མེད་དུ་འགྱུར་བཞིན་ཡོད་པ། བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཚང་མའི་སེམས་ལ་ངེས་དགོས་པ་དེ་གལ་ཆེ་ཤོས་སུ་གྱུར་ཡོད། དེར་བརྟེན་བོད་རབ་བྱུང་བཅུ་བདུན་པའི་ཆུ་སྟག་ལོ་འདི་ཉིད་བོད་དོན་འཐབ་རྩོད་ལ་ནུས་པ་འདོན་པའི་ལོ་ཞིག་ཏུ་འགྱུར་ཐུབ་པ་བྱ་རྒྱུ་ནི། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་སྣེ་མོ་བ་རྣམ་པ་དང་། མི་མང་བཅས་ཚང་མར་གཡོལ་ཐབས་མེད་པའི་འགན་འཁྲི་ཉག་གཅིག་ཏུ་གྱུར་ཡོད།།