བྱང་ཀོ་རི་ཡ་གོ་མཚོན་བཀག་སྡོམ་ལྷན་ཚོགས་ཀྱི་ཚོགས་གཙོ་ཆགས་འདུག 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་ཚོས་སྐྱོན་བརྗོད་བྱེད་མིན་ལ་མ་ལྟོས་པར། རྒྱལ་ཚོགས་ཀྱི་གོ་མཚོན་བཀག་སྡོམ་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་ཁུར་དེ་བྱང་ཀོ་རི་ཡས་བླངས་འདུག 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་ཚོས་སྐྱོན་བརྗོད་བྱེད་མིན་ལ་མ་ལྟོས་པར། རྒྱལ་ཚོགས་ཀྱི་གོ་མཚོན་བཀག་སྡོམ་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་ཁུར་དེ་བྱང་ཀོ་རི་ཡས་བླངས་འདུག 

ཟླ་༦ པའི་ཚེས་༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱལ་སྤྱིའི་ནང་ཞི་བདེ་བསྐྲུན་ཆེད་དུ་རྒྱལ་ཁབ་མང་པོའི་སྐུ་ཚབ་ལྡན་པའི་གོ་མཚོན་བཀག་སྡོམ་གྱི་ལྷན་ཚོགས་གཅིག་པུ་དེ་ནི་རྒྱལ་ཚོགས་ཀྱི་གོ་མཚོན་བཀག་སྡོམ་ལྷན་ཚོགས་ཡིན་འདུག་པ་དང་། ཚོགས་མི་༦༥ ཡོད་པའི་ལྷན་ཚོགས་དེའི་ཚོགས་གཙོ་དེ་ཚོགས་མི་ཁོངས་ནས་དབྱིན་ཡིག་གི་མིང་དང་འབྲེལ་ནས་གསལ་བྱེད་ཀྱི་གོ་རིམ་བཞིན་ལས་ཁུར་བྱེད་ཀྱི་ཡོད་འདུག་པ་དང་། ཐེངས་འདིར་བྱང་ཀོ་རི་ཡའི་རེ་མོས་ལ་སླེབས་འདུག ཚོགས་མི་རྒྱལ་ཁབ་ཁག་ཅིག་གིས་ངོ་རྒོལ་དང་སྐྱོན་བརྗོད་བྱས་ཡོད་མེད་ལ་མ་ལྟོས་པར། བྱང་ཀོ་རི་ཡས་ལས་ཁུར་དང་ལེན་བྱས་ཏེ། རྒྱལ་ཚོགས་སུ་ཡོད་པའི་བྱང་ཀོ་རི་ཡའི་སྐུ་ཚབ་ཀྱིས་བྱང་ཀོ་རི་ཡས་འཛམ་གླིང་གི་ཞི་བདེ་དང་གོ་མཚོན་བཀག་སྡོམ་ལ་ལེགས་སྐྱེས་འབུལ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་དང་། ལྷན་ཚོགས་དེའི་ལས་དོན་ལ་མཐོང་ཆེན་སྤྲོད་ཀྱི་ཡོད་པས། ཚོགས་གཙོའི་ལས་ཁུར་ལེན་རྒྱུ་བྱུང་བར་དགའ་སྤོབས་ཡོད་སྐོར་བརྗོད་འདུག 

གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གིས། ལྷན་ཚོགས་དེའི་ཚོགས་མི་རྒྱལ་ཁབ་ཚོར་ཚོགས་འདུའི་སྐབས་སུ་ཕྱིར་ཐོན་ནས་ངོ་རྒོལ་གྱི་རྣམ་པ་སྟོན་དགོས་པའི་རེ་སྐུལ་བྱས་ཀྱང་། དེ་ལྟར་བྱས་མེད་འདུག འོན་ཀྱང་རྒྱལ་ཁབ་ཁག་ཅིག་གིས་ནམ་རྒྱུན་དང་མི་འདྲ་བར། ལྷན་ཚོགས་ཀྱི་ཚོགས་འདུར་དམའ་རིམ་ལས་བྱེད་བཏང་ཡོད་ཁར། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཅིག་གིས་ཉེ་ཆར་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་པའི་བྱ་སྤྱོད་ཐོག་སྐྱོན་བརྗོད་བྱས་ཡོད་པ་རེད། 

ཐེངས་འདིར་བྱང་ཀོ་རི་ཡ་གོ་མཚོན་བཀག་སྡོམ་ལྷན་ཚོགས་ཀྱི་ཚོགས་གཙོ་ཆགས་པའི་སྐབས་སུ་ཚོགས་མི་ཚོའི་རྣམ་འགྱུར་དེ། ཕྱི་ལོ་༢༠༡༨ ལོར་སཱི་རི་ཡ་ཚོགས་གཙོ་ཆགས་པའི་སྐབས་དང་བསྡུར་ན་རྣམ་འགྱུར་ཞི་འཇམ་ཡིན་པ་རེད། ཕྱི་ལོ་༢༠༡༨ ལོར་ཁེ་ན་ཌས་ལྷན་ཚོགས་ནང་དུ་སཱི་རི་ཡ་གཞུང་གིས་རྫས་ཀྱི་དྲག་རྒོལ་བྱས་པའི་སྐབས་སུ་གནོད་འཚེ་ཕོག་ཡུལ་ཁག་ཅིག་གི་མྱོང་ཚོར་བསྒྲགས་གཏམ་བཀླགས་པ་སོགས་བྱས་ཏེ། སཱི་རི་ཡར་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེན་སྟོན་མཁན་རྒྱལ་ཁབ་མང་པོ་བྱུང་ཡོད་འདུག 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ལ་རྟོག་ཞིབ་བྱེད་མཁན་རྒྱལ་ཚོགས་རྟོག་ཞིབ་ཅེས་པའི་ཚོགས་པ་དེའི་སྤྱི་ཁྱབ་འགན་འཛིན་ཧཱིལ་ནཱེ་འུར་གྱིས། གོ་མཚོན་ལྷན་ཚོགས་ཀྱི་ཚོགས་གཙོ་བྱང་ཀོ་རི་ཡ་ཆགས་པ་དེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྣམ་པ་དང་ཆེ་མཐོང་ལ་གནོད་སྐྱོན་ཆེན་པོ་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག

འོན་ཀྱང་ལྷན་ཚོགས་དེས་ཕྱི་ལོ་༡༩༩༦ ལོར་རྡུལ་མཚོན་ཚོད་ལྟ་བཀག་སྡོམ་གྱི་ཆིངས་ཡིག་གཅིག་བཞག་ཐུབ་ཡོད་པ་ལས། ད་བར་གྲོས་མཐུན་གཞན་གང་ཡང་འཇོག་ཐུབ་མེད་པས། བྱང་ཀོ་རི་ཡའི་འགོ་ཁྲིད་ལས་ཡུན་སྐབས་སུ་ཡང་རེ་བ་ཆེན་པོ་བྱེད་མཁན་མེད་འདུག 

ལོ་འདིའི་ནང་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའི་ཚོད་ལྟ་ཐེངས་༢༣ བྱས་པ་དང་། ཉེ་ཆར་ཟླ་༥ པའི་ཚེས་༢༥ ཉིན་ཆུ་ཚོད་གཅིག་མ་ཟིན་པའི་ནང་ཚོད་ལྟ་ཐེངས་༣ བྱས་རྐྱེན། ཨ་རིས་འགོ་ཁྲིད་ནས་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ནང་དུ། བྱང་ཀོ་རི་ཡར་དཔལ་འབྱོར་ཉེས་ཆད་ད་དུང་ཡང་མང་དུ་གཏོང་རྒྱུའི་གྲོས་ཆོད་གཅིག་བཏོན་པར། གཏན་འཇགས་ཚོགས་མི་ལྔ་ནང་ནས་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱིས་ལས་དོན་དེས་གནས་སྟངས་སྡུག་ཏུ་གཏོང་རྒྱུ་ལས་ཕན་ཐོགས་ཡོང་རྒྱུ་མེད་སྐོར་བརྗོད་ནས། དགག་བྱ་བྱས་འདུག གཏན་འཇགས་ཚོགས་མི་གཞན་༣ དང་གཏན་འཇགས་མ་ཡིན་པའི་ཚོགས་མི་རྒྱལ་ཁབ་གཞན་༡༠ བཅས་བསྡོམས་༡༣ གྱིས་གྲོས་ཆོད་ལ་རྒྱབ་སྐྱོར་བྱས་འདུག་ཀྱང་། གཏན་འཇགས་ཚོགས་མི་གཉིས་ཀྱིས་དགག་བྱ་བྱས་རྐྱེན་གྲོས་ཆོད་དེ་གཏན་འབེབས་བྱེད་ཐུབ་མི་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།