བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡར་རྡུལ་མཚོན་གྱི་འཁོན་ལན་སློག་རྒྱུའི་ཉེན་བརྡ་བཏང་འདུག
བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་གྱི་གཅུང་མོས། གལ་ཏེ་ལྷོ་ཀོ་རི་ཡས་བྱང་ཀོ་རི་ཡར་དྲག་རྒོལ་བྱས་ཚེ་འཁོན་ལན་དུ་རྡུལ་མཚོན་གྱི་དྲག་རྒོལ་སློག་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག
བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་གྱི་གཅུང་མོས། གལ་ཏེ་ལྷོ་ཀོ་རི་ཡས་བྱང་ཀོ་རི་ཡར་དྲག་རྒོལ་བྱས་ཚེ་འཁོན་ལན་དུ་རྡུལ་ཕྲན་མཚོན་ཆས་དྲག་རྒོལ་སློག་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག
ཟླ་༤ པའི་ཚེས་༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༥ པའི་ནང་ལྷོ་ཀོ་རི་ཡའི་སྲིད་འཛིན་གསར་པ་ཡུན་སུག་ཡུལ་གྱི་ལས་ཡུན་འགོ་འཛུགས་བྱེད་རྒྱུ་ཡིན་པ་དང་། ཁོང་ནི་ད་ཡོད་ཀྱི་སྲིད་འཛིན་དང་མི་འདྲ་བར་གཤིས་ཀ་དྲག་ཤུུལ་ལྡན་པ་ཞིག་ཡིན་པས། བྱང་ཀོ་རི་ཡར་རྩུབ་པོའི་ཐབས་ལམ་ལ་བརྟེན་ནས་འབྲེལ་བ་བྱེད་སྲིད་པའི་ཚོད་དཔག་བྱེད་བཞིན་པ་དང་། དེ་སྔོན་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྐབས་སུ། ཁོང་གིས་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའི་ཚོད་ལྟ་མང་པོ་བྱེད་བཞིན་པ་དང་བསྟུན། དྲག་རྒོལ་སྔོན་ཚུད་ནས་འགོག་ཆེད་དུ་ཕར་ལ་དྲག་རྒོལ་བྱེད་སྲིད་སྐོར་བརྗོད་ཡོད་འདུག་པས། ཉེ་ཆར་ལྷོ་ཀོ་རི་ཡའི་བདེ་སྲུང་བློན་ཆེན་གྱིས། ལྷོ་ཀོ་རི་ཡར་བྱང་ཀོ་རི་ཡའི་དྲག་རྒོལ་སྔོན་ཚུད་ནས་འགོག་ཆེད་དུ། མེ་ཤུགས་འཕུར་མདའི་ས་ཚིགས་སུ་དྲག་རྒོལ་བྱེད་ཐུབ་པའི་ནུས་པ་ཡོད་ཚུལ་བརྗོད་འདུག
གནད་དོན་དེ་དང་འབྲེལ་ནས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་གྱི་གཅུང་མོ་ཀེམ་ཡོ་ཇོང་གིས་གཞུང་འབྲེལ་བརྒྱུད་ལམ་ཏུ་བསྒྲགས་གཏམ་ཞིག་སྤེལ་ནས། བྱང་ཀོ་རི་ཡས་དམག་འཐབ་བྱེད་འདོད་མེད་པས། དང་ཐོག་ཕར་ལ་དྲག་རྒོལ་བྱེད་རྒྱུ་མིན་པ་དང་། གལ་ཏེ་ལྷོ་ཀོ་རི་ཡས་ཚུར་ལ་དྲག་རྒོལ་བྱས་ཚེ། རྡུལ་མཚོན་གྱི་འཁོན་ལན་སློག་དགོས་པ་ཆགས་རྒྱུ་ངེས་གཏན་ཡིན་པས། ལྷོ་ཀོ་རི་ཡས་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའ་ས་ཚིགས་སུ་དྲག་རྒོལ་བྱེད་པའི་ནུས་པ་ཡོད་ཚུལ་བརྗོད་པ་ནི་རྨི་ལམ་སྐྱིད་པོ་ཞིག་ཡིན་སྐོར་བརྗོད་འདུག
ལོ་ཤས་སྔོན་ནས་ཀེམ་ཇོང་ཨན་གྱིས་གཅུང་མོ་ཀེམ་ཡོ་ཇོང་ལ་དབང་ཆ་དང་ལས་འགན་མང་པོ་ཞིག་བཀོད་སྒྲིག་བྱེད་འགོ་བཙུགས་ཡོད་པ་དང་། དཔྱད་བརྗོད་པ་མང་པོ་ཞིག་གིས་ཀེམ་ཇོང་ཨན་གྱིས་ཁོང་གི་རྗེས་སུ་དབང་འཛིན་པ་ཁོང་གི་གཅུང་མོ་ཡིན་པའི་གསལ་བསྒྲགས་བྱས་མེད་ཀྱང་། མ་འོངས་པར་དེ་ལྟར་ཆགས་སྲིད་པའི་ཚོད་དཔག་བྱེད་མཁན་འདུག ལྕམ་ཁོང་ནི་ཀེམ་ཇོང་ཨན་ལས་ལོ་བཞིས་ཆུང་བ་ཡིན་འདུག་པ་དང་། ཕྱི་ལོ་༢༠༡༨ ལོར་དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྐབས་སུ་བྱང་ཀོ་རི་ཡའི་སྐུ་ཚབ་བྱས་ཏེ་ལྷོ་ཀོ་རི་ཡར་སླེབས་ནས། ཀེམ་ནང་མི་ནས་ལྷོ་ཀོ་རི་ཡར་འགྲོ་མཁན་ཐོག་མར་ཆགས་ཡོད་པས། རྒྱལ་སྤྱིའི་ནང་དོ་སྣང་ཆེན་པོ་སླེབས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།