བྱང་ཀོ་རེ་ཡའི་མེ་ཤུགས་འཕུར་མདའི་ཚོད་ལྟ་ལམ་ལྷོང་བྱུང་མི་འདུག
ཁ་སང་ཕྱི་ཚེས་༡༦ ཉིན་བྱང་ཀོ་རེ་ཡའི་ཕྱོགས་ནས་རྒྱུས་མངའ་མེད་པའི་མེ་ཤུགས་འཕུར་མདའ་ཞིག་བར་སྣང་དུ་བཏང་བའི་སྐབས་ལམ་ལྷོང་བྱུང་མེད་སྐོར་ལྷོ་ཀོ་རེ་ཡའི་དམག་དོན་ཚན་པས་བརྗོད་འདུག
ཁ་སང་ཕྱི་ཚེས་༡༦ ཉིན་བྱང་ཀོ་རེ་ཡའི་ཕྱོགས་ནས་རྒྱུས་མངའ་མེད་པའི་མེ་ཤུགས་འཕུར་མདའ་ཞིག་བར་སྣང་དུ་བཏང་བའི་སྐབས་ལམ་ལྷོང་བྱུང་མེད་སྐོར་ལྷོ་ཀོ་རེ་ཡའི་དམག་དོན་ཚན་པས་བརྗོད་འདུག
ཟླ་འདིའི་ཚེས་༡༦ ཉིན་བྱང་ཀོ་རེ་ཡའི་རྒྱལ་སའི་ཕྱི་རོལ་དུ་ཡོད་པའི་འཕུར་མདའི་ས་ཚིགས་ནས་དོགས་གཞི་ཅན་གྱི་མེ་ཤུགས་འཕུར་མདའ་ཞིག་བར་སྣང་དུ་བཏང་ཡོད་ལུགས་དང་། ས་ཚིགས་དེ་ནས་དེ་སྔོན་བྱང་ཀོ་རེ་ཡའི་གླིང་ཆེན་གཅིག་ནས་གཞན་བར་རྒྱང་ཐག་ཧ་ཅང་རིང་པོར་འཕུར་ཐུབ་པའི་(intercontinental ballistic missiles ) སྒྱོགས་མདའི་ཚོད་ལྟ་བྱེད་ཡུལ་གྱི་ས་ཚིགས་ཞིག་ཡིན་པ་དང་། ལོ་འདིའི་ནང་ས་ཚིགས་དེ་ནས་མེ་ཤུགས་འཕུར་མདའ་ཐེངས་༩ ཙམ་ཚོད་ལྟ་བྱས་ཡོད་འདུག
བྱང་ཀོ་རེ་ཡའི་སྐོར་ལ་དམིགས་བསལ་ཆེད་ལས་གསར་ཁང་(NK News) གིས་ལུང་འདྲེན་བྱས་པའི་ནང་། བྱང་ཀོ་རེ་ཡའི་རྒྱལ་སའི་ཕྱོགས་ནས་གནམ་གྲུ་ཆེན་པོ་ཞིག་འཕུར་བསྐྱོད་བྱེད་བཞིན་པའི་སྐད་སྒྲ་ལྟ་བུ་ཞིག་ཐོས་ཡོད་ལུགས་དང་། དེ་ནས་ཡུད་ཙམ་ཞིག་ནས་འགས་འཐོར་གྱི་སྒྲ་ཞིག་ཐོས་ནས་རྒྱལ་སའི་(Pyongyang) ཕྱོགས་སུ་དུ་བ་དམར་པོ་ཞིག་བར་སྣང་དུ་ཐོན་ཡོད་པ་བརྗོད་འདུག
དེ་ཡང་། ཕྱི་ལོ་༢༠༡༩ ལོར་ཨ་བྱང་གཉིས་ཀྱི་གྲོས་མོལ་རྗེས། བྱང་ཀོ་རེ་ཡའི་ཕྱོགས་ནས་རྒྱང་བསྐྱོད་འཕུར་མདའ་དང་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱེད་རྒྱུ་མཚམས་བཞག་ཡོད་པ་མ་ཟད། སྐབས་དེར་བྱང་ཀོ་རི་ཡའི་ནང་རྟེན་གཞི་བྱས་པའི་རྡུལ་ཕྲན་ཞིབ་འཇུག་ཁང་དང་འཕུར་མདའི་ས་ཚིགས་མང་པོ་ཞིག་གཏོར་ཡོད་ནའང་། ཕྱི་ལོ་༢༠༢༠ རྗེས་བྱང་ཀོ་རེ་ཡའི་སྲིད་འཛིན་ཀེམ་གྱིས་དེ་སྔོན་གྲོས་མོལ་སྐབས་ཁས་ལེན་བྱས་པ་རྣམས་མུ་མཐུད་རྒྱུན་སྐྱོང་བྱེད་རྒྱུ་མིན་ལུགས་བསྒྲགས་པའི་རྗེས། གཏོར་ཚར་བའི་རྡུལ་ཕྲན་ཞིབ་འཇུག་ཁང་དང་འཕུར་མདའི་ས་ཚིགས་མང་པོ་ཞིག་བསྐྱར་བཟོ་བྱེད་བཞིན་ཡོད་པའི་གནས་ཚུལ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་འདུག
དེ་བཞིན་ལོ་འདི་ནི་ཀེམ་ལ་མཚོན་ན་གནད་འགག་ཅན་གྱི་ལོ་ཞིག་ཡིན་པ་དང་། ཀེམ་གྱིས་བྱང་ཀོ་རེ་ཡའི་སྲིད་དབང་ཟུང་ནས་ད་བར་ལོ་ངོ་༡༠ འགྲོ་བཞིན་པའི་སྐབས་དེར་རྡུལ་ཕྲན་ཚོད་ལྟ་ལམ་ལྷོང་ཡོང་རྒྱུ་ལས་ནུས་མེད་མི་ཆགས་པའི་རེ་བ་བཅང་བཞིན་ཡོད་པ་རེད།།
གསར་འགོད་པ། བསྟན་འཛིན་ཆོས་གྲགས།