བྱང་ཆིངས་སྒྲིག་འཛུགས་ཀྱིས་ཡུག་ཀེ་རན་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་རྒྱུ་ཁས་ལེན་བྱས་འདུག
དགུན་ཁའི་དུས་སྐབས་སུ་ཡུག་ཀེ་རན་ནང་དུ་ཨུ་རུ་སུའི་དྲག་རྒོལ་ལ་བརྟེན་ནས་གློག་དང་ཆུ་སོགས་ཀྱི་མཐུན་རྐྱེན་ལ་དཀའ་ངལ་འཕྲད་བཞིན་ཡོད་པས། བྱང་ཆིངས་སྒྲིག་འཛུགས་ཀྱིས་མཐུན་རྐྱེན་དེ་དག་ལ་རོགས་རམ་དང་དེ་བཞིན་མཚོན་ཆ་མཁོ་སྤྲོད་ད་དུང་ཡང་མང་པོ་བྱེད་རྒྱུ་ཁས་ལེན་བྱས་འདུག
དགུན་ཁའི་དུས་སྐབས་སུ་ཡུག་ཀེ་རན་ནང་དུ་ཨུ་རུ་སུའི་དྲག་རྒོལ་ལ་བརྟེན་ནས་གློག་དང་ཆུ་སོགས་ཀྱི་མཐུན་རྐྱེན་ལ་དཀའ་ངལ་འཕྲད་བཞིན་ཡོད་པས། བྱང་ཆིངས་སྒྲིག་འཛུགས་ཀྱིས་མཐུན་རྐྱེན་དེ་དག་ལ་རོགས་རམ་དང་དེ་བཞིན་མཚོན་ཆ་མཁོ་སྤྲོད་ད་དུང་ཡང་མང་པོ་བྱེད་རྒྱུ་ཁས་ལེན་བྱས་འདུག
ཟླ་༡༡ པའི་ཚེས་༣༠ ཉིན་རྒྱལ་སྤྱིིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོའི་ཕྱི་སྲིད་བློན་ཆེན་རྣམས་འཛོམས་ནས་ལྷན་ཚོགས་ཤིག་འཚོགས་འདུག་པ་དང་། རྗེས་སུ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ། ཨུ་རུ་སུས་ཡུག་ཀེ་རན་ནང་དུ་མི་དམངས་དང་ཆུ་གློག་གི་མཐུན་རྐྱེན་ཐོག་ལ་དྲག་རྒོལ་བསྟུད་མར་བྱེད་བཞིན་པ་དེས། མི་དམངས་ས་ཡ་མང་པོར་འགྲོ་བ་མིའི་གཞི་རྩའི་མཐུན་རྐྱེན་མེད་པ་བཟོ་ཡི་ཡོད་པས། བྱང་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོས་ཡུག་ཀེ་རན་ནང་དུ་ཆུ་གློག་གི་མཐུན་རྐྱེན་སླར་གསོ་དང་མི་དམངས་རྣམས་ཨུ་རུ་སུའི་མེ་ཤུགས་འཕུར་མདའི་དྲག་རྒོལ་ལས་སྲུང་སྐྱོབ་བྱེད་པའི་རོགས་རམ་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག
དགུན་དུས་ཟིན་པ་དང་བསྟུན། ཨུ་རུ་སུས་ཡུག་ཀེ་རན་དུ་ཆུ་དང་གློག་གི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཡུལ་གྱི་ས་ཚིགས་ཁག་ཏུ་མེ་ཤུགས་འཕུར་མདའི་དྲག་རྒོལ་བྱས་ཡོད་པས། ཡུག་ཀེ་རན་དུ་མི་དམངས་ས་ཡ་མང་པོར་གནམ་གཤིས་གྲང་མོའི་ནང་དུ་ཆུ་གློག་གི་མཐུན་རྐྱེན་མེད་པ་ལྷག་ཡོད་འདུག བྱང་ཆིངས་སྒྲིག་འཛུགས་ཀྱི་དྲུང་ཆེ་ཇེན་སེ་སཱེ་ཊོལ་བྷེར་གྷ་ཡིས། ཨུ་རུ་སུས་དགུན་དུས་དེ་དམག་གི་མཚོན་ཆར་བེད་སྤྱོད་བྱེད་ཀྱི་ཡོད་སྐོར་བརྗོད་འདུག གསར་འགོད་ལྷན་ཚོགས་སྐབས་སུ་ཁོང་གིས་བྱང་ཆིང་སྒྲིག་འཛུགས་ཀྱིས། དུས་ཚོད་ག་ཚོད་འགོར་ནའང་ཡུག་ཀེ་རན་ལ་རྒྱབ་སྐྱོར་མུ་མཐུད་བྱེད་རྒྱུ་ཡིན་པ་དང་། ཕྱིར་བཤིག་ནམ་ཡང་བྱེད་རྒྱུ་མིན་པ། ཁོ་ཚོར་ཡུག་ཀེ་རན་ནང་དུ་ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་ལ་རྒྱལ་ཁ་མི་ཐོབ་པ་ཆགས་རྒྱུ་ཤིན་ཏུ་གལ་ཆེན་ཡིན་པ་ངེས་ཤེས་རྙེད་ཡོད་པ། གལ་ཏེ་པུ་ཀྲེན་ལ་རྒྱལ་ཁ་ཐོབ་ཚེ་ཡུག་ཀེ་རན་ལ་གོད་ཆགས་ཡིན་པ་མ་ཟད། དེ་ལ་བརྟེན་ནས་འཛམ་གླིང་ལ་ཉེན་ཁ་ཆེ་རུ་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག
ཡུག་ཀེ་རན་གྱི་ཕྱི་སྲིད་བློན་ཆེན་ཀུ་ལཱེ་བྷ་ཡིས་དེ་སྔོན་ཁོང་གིས་བྱང་ཆིངས་སྒྲིག་འཛུགས་ལ། མཚོན་ཆ་མང་པོ་དགོས་པའི་རེ་འདུན་བཏོན་ཡོད་ཀྱང་། ད་ལྟའི་ཆར་མཚོན་མ་མང་པོ་དགོས་པ་མ་ཟད་མགྱོགས་པོ་ཡང་དགོས་པའི་རེ་འདུན་འདོན་བཞིན་ཡོད་སྐོར་བརྗོད་འདུག
ཨི་སེ་ཏོ་ནི་ཡའི་ཕྱི་སྲིད་བློན་ཆེན་ཨུར་མཱ་སེ་རན་སཱ་ལུ་ཡིས་བྷི་བྷི་སི་གསར་ཁང་ལ། བྱང་ཆིངས་སྒྲིག་འཛུགས་ཀྱིས་ཡུག་ཀེ་རན་ལ། ཨུ་རུ་སུའི་མངའ་ཁོངས་སུ་སྙོབ་ཐུབ་པའི་མེ་ཤུགས་འཕུར་མདའ་སྤྲོད་དགོས་པ་དང་། དེ་ལ་བརྟེན་ནས་ཡུག་ཀེ་རན་གྱིས་ཨུ་རུ་སུའི་མེ་ཤུགས་འཕུར་མདའ་རྣམས་རྩ་མེད་གཏོང་ཐུབ་རྒྱུ་ཡིན་སྐོར་བརྗོད་འདུག འོན་ཀྱང་བྱང་ཆིངས་སྒྲིག་འཛུགས་ཀྱིས་ད་བར་དུ་ཐེངས་མང་པོར། ཡུག་ཀེ་རན་ལ་ཐག་རིང་སྙོབ་ཐུབ་པའི་མེ་ཤུགས་འཕུར་མདའ་དང་མཚོན་ཆ་མཁོ་སྤྲོད་བྱེད་རྒྱུ་ཁས་ལེན་བྱས་མེད་འདུག དེའི་རྒྱུ་མཚན་ནི་གལ་ཏེ་ཡུག་ཀེ་རན་གྱིས་ཨུ་རུ་སུའི་མངའ་ཁོངས་སུ་དྲག་རྒོལ་བྱས་ཚེ། རྡུལ་མཚོན་གྱི་ནུས་པ་ལྡན་པའི་ཨུ་རུ་སུས་ཉེན་ཚབས་ཆེ་བའི་རྒོལ་ལན་སློག་སྲིད་པའི་ཞེད་སྣང་བྱེད་ཀྱི་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།