བྱང་ཤར་ཁུལ་གྱི་བོད་མིའི་གཞིས་ཆགས་ནང་གི་མཐོང་ཐོས།

ཕྱི་ལོ་༢༠༡༥ ཟླ་བ་༤ པའི་ཚེས་ཤར་ནས་ཕྲན་ལས་དོན་ཞིག་གི་ཆེད་རྒྱ་གར་བྱང་ཤར་ས་ཁུལ་ཁག་གཅིག་ལ་ཆེད་དུ་བསྐྱོད་པ་ཡིན། ཕྱི་ཚེས་༦ཉིན་རྒྱ་གར་བྱང་ཤར་ཁུལ་བསྟན་འཛིན་སྒང་བོད་མིའི་གཞིས་སྒར་དུ་འབྱོར་སོང་ལ།

ཕྱི་ལོ་༢༠༡༥ ཟླ་བ་༤ པའི་ཚེས་ཤར་ནས་ཕྲན་ལས་དོན་ཞིག་གི་ཆེད་རྒྱ་གར་བྱང་ཤར་ས་ཁུལ་ཁག་གཅིག་ལ་ཆེད་དུ་བསྐྱོད་པ་ཡིན། ཕྱི་ཚེས་༦ཉིན་རྒྱ་གར་བྱང་ཤར་ཁུལ་བསྟན་འཛིན་སྒང་བོད་མིའི་གཞིས་སྒར་དུ་འབྱོར་སོང་ལ། དེར་ཉིན་ཤས་རིང་སྡོད་ཡུན་ལ་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ་རྒྱུས་ལོན་བྱས་པ་ཡིན། ཕྱིར་ས་གནས་དེའི་ས་ཆའི་ཆགས་དབྱིབས་དང་དྭངས་ཤིང་གཙང་བའི་ཆུ་མོ་ཤག་ཤག་འབབ་སྟངས་སོགས་བོད་གངས་ཅན་ལྗོངས་དང་ཆ་འདྲ་ས་མང་པོ་འདུག་ལ། ཁོར་ཡུག་གི་གནས་བབས་ཅུང་ཟད་གནམ་གཤིས་གྲངས་བ་ལས་ཧ་ཅང་ཡིད་དུ་མི་འོང་བ་གང་ཡང་མི་འདུག་ལ། གཞིས་ཆགས་འདིའི་མཐུན་རྐྱེན་གྱི་ཆ་ནས་དུས་རབས་ཉེར་གཅིག་པ་འདིའི་ནང་གི་འགྲོ་བ་མི་འཚོ་གནས་བྱེད་ཡུལ་གྱི་ཆ་ནས་ཧ་ཅང་སྐྱོ་བོ་རེད་འདུག

tenzin gang  (2)ཕྱིར་བཏང་གཞིས་ཆགས་འདི་ལ་གྲོང་སྡེ་ཁག་བཞི་ཡོད་པ་དང་དེའི་ནང་སློབ་གྲྭ་དང་སྨན་ཁང་སོགས་ཀྱི་མཐུན་རྐྱེན་ཡང་རོབ་ཙམ་འདུག སློབ་གྲྭ་ལ་མཚོན་ན་བོད་རིགས་སློབ་ཕྲུག་ཉུང་ཉུང་ཡིན་པའི་དཀའ་ངལ་ཙམ་ལས་འཛིན་གྲྭ་བརྒྱད་པ་བར་དུ་སློབ་སྦྱོང་བྱེད་སའི་ཁོར་ཡུག་ཡོད་པ་དང་། ད་ལྟའི་ཆར་འཛིན་གྲྭ་ཁྱོན་ཡོངས་ཀྱི་ནང་བོད་རིགས་སློབ་ཕྲུག་བརྒྱ་ཆ་༤༠ ཙམ་ལས་མེད་སྐོར་བརྗོད་ཀྱི་འདུག ཕྱི་ནང་གི་སྨན་ཁང་གཉིས་ཀྱི་ནང་སྨན་པ་ཚད་ལྡན་མེད་པའི་དཀའ་ངལ་ཡོད་པ་དང་། ལྷག་པར་དུ་འཕྲོད་བསྟེན་སྨན་ཁང་ལ་ཆ་མཚོན་ན་སྨན་སྤྲོད་མཁན་སྨན་ཞབས་ཙམ་ལས་མེད་པ་དང་། གང་ལྟར་བཙན་བྱོལ་ནང་གི་བོད་མའི་གཞིས་ཆགས་གཞན་དག་དང་བསྡུར་ན་གནས་སྟངས་ཧ་ཅང་སྐྱོ་ཤོས་ཀྱི་གྲལ་རེད་འདུག

རྩ་བའི་ཆ་ནས་གཞིས་ཆགས་འདིའི་འཚོ་གནས་ཀྱི་མ་རྟེན་གཙོ་བོ་ཞིང་ལས་ཡིན་ན་ཡང་། ཞིང་ལས་བྱེད་ཡུལ་ཞིང་སའི་རྒྱ་ཁྱོན་ཧ་ཅང་ཆུང་ཆུང་ཡིན་པ་མ་ཟད། ཞིང་ས་རི་སྒང་དང་ཤིང་ནགས་གསེབ་ན་ཡོད་པའི་རྐྱེན་གྱིས་ཤིང་འབྲས་སོགས་ཀྱི་སྟོན་ཐོག་དུས་ཐོག་མ་རག་པའི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་ཡང་ས་གནས་མི་མང་གིས་འགྲེལ་བརྗོད་བྱེད་ཀྱི་འདུག སྤྱིར་བཏང་ང་རང་ཚོ་སྐྱབས་བཅོལ་བ་རེད་ལ། གཞན་དབང་སྟབས་བསྟུན་ཡིན་པ་དངོས་འབྲེལ་རེད། ཡིན་ན་ཡང་ས་གནས་འདི་ལྟ་བུ་ལ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་དང་ནུས་ལྡན་མི་སྒེར་བཅས་ཀྱིས་དམིགས་བསལ་གྱི་འཚོ་སྐྱོང་ལྟ་རྟོགས་རེ་བྱེད་ཐུབ་ན་ཧ་ཅང་དགེ་མཚན་ཆེ་བར་མཐོང་སོང་།

འདས་ལོའི་ནང་རང་གཞུང་བཀའ་ཤག་གིས་ངོས་ནས་ཨ་རི་ན་ཅལ་མངའ་སྡེར་རྟེན་གཞི་བྱས་པའི་བོད་མིའི་གཞིས་ཆགས་ཁག་གི་ནང་ནས་བོད་མི་གཅིག་སྟོང་ནས་དགུ་བརྒྱ་ཙམ་ཁ་ན་ཊར་བཏང་བ་བཞིན་པ་དེ་ནིི་ཁ་ཡོད་ལག་ཡོད་དང་ཁ་ཚ་དགོས་གཏུག་གི་ཕྱག་ལས་ཞིག་གནང་བཞིན་ཡོད་པར་ངེས་པ་གསལ་བོ་རྙེད་སོང་ལ། འབྱུང་འགྱུར་ཡང་ཁ་ཚ་དགོས་གཏུག་གི་ཕྱག་ལས་འདིའི་རིགས་གནང་ཐུབ་ན་ཧ་ཅང་དགེ་མཚན་ཆེ་བར་མཐོང་ལ། དེ་ལྟར་དངོས་འབྲེལ་དཀའ་ངལ་ཡོད་རིགས་ལ་དམིགས་ནས་མུ་མཐུད་ཕྱག་ལས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུ་འདོད་བྱུང་།

ལར་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་འགོ་བཙུགས་པ་ནས་བཟུང་མི་ལོ་༦༠ བརྒྱུད་རིམ་ནང་༧གོང་ས་མཆོག་དང་རང་གཞུང་གིས་གཟིགས་སྐྱོང་འོག་སྐྱོབས་གསོ་དང་འཚོ་སྣོན་སོགས་ལ་ལག་པ་བཟེད་ནས་འཚོ་གནས་བྱས་ནས་བསྡད་ཡོད་པ་རེད། ད་དུང་ཡང་རང་གཞུང་ལ་ལག་པ་རྐྱང་རྐྱང་བཟེད་ནས་བསྡད་བསྡད་པ་ཡིན་ན་བློ་ཕམ་པོ་རེད། ཡིན་ན་ཡང་བསྟན་འཛིན་སྒང་ལྟ་བའི་ས་ཆ་ཁུག་ཀྱོག་འགྲིམ་འགྲུལ་སོགས་ཀྱི་དཀའ་ངལ་ཡོད་ས་འདི་ལྟ་བུ་ཞིག་ལ་མཚོན་ན་གཞུང་དང་རོགས་ཚོགས་ཁག་ལ་སྐྱོབས་གསོ་དང་འཚོ་སྣོན་ལ་ལག་པ་མི་ཟེད་ཁ་མེད་ལྟ་བུའི་གནས་སྟངས་མཐོང་སོང་།

དེ་ཡང་དཔེ་མཚོན་ཙམ་ཞུས་ན་ས་ཆ་འདི་མཐོ་ཚད་སྤུ་ཊ་༦༥༠༠ ཙམ་ཡིན་པ་དང་། ས་གནས་འདིར་འགྲིམ་འགྲུལ་སྟབས་བདེ་མིན་པ་དང་། གོང་བརྗོད་བཞིན་ཐོན་ཁུངས་དང་གློག་སོགས་སོགས་ཀྱི་དཀའ་ངལ་ཡོད་པ། ལྷག་པར་དུ་བརྡ་འཕྲིན་གྱི་དུས་རབས་འདིར། ས་ཆ་འདི་ལ་མཚོན་ན་དྲ་རྒྱའི་བརྡ་རྟགས་མེད་པ་མ་ཟད། ཁ་པར་གྱི་བརྡ་རྟགས་ཙམ་ཡང་ཡོད་མེད་ཀྱི་དཀའ་ངལ་ཤུགས་ཆེན་པོ་འདུག་ལ། དེ་ལས་དཀའ་ངལ་ཆེ་ཤོས་དེ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་ཁག་གིས་མྱུར་འཕྲིན་དང་གློག་འཕྲིན་སོགས་ཀྱི་འབྲེལ་བའམ་བརྡ་ལན་འཕྲོད་མིན་གྱི་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་རེད་འདུག

བསྟན་འཛིན་སྒང་ས་གནས་འགོ་འཛིན་གཅིག་གི་ཁྱབ་ཁོངས་སུ་བསྟན་འཛིན་སྒང་གཞིས་ཆགས་དང་། འབུམ་ལྡེ་ལ། མོན་རྟ་དབང་།སྡེ་རུང་།ཨུས་ཊ་ན་གྷར་བཅས་བོད་མི་ཁ་འཐོར་གནས་སྡོད་བྱེད་ཡུལ་ས་གནས་ཁག་ལྔ་ལ་ས་གནས་འགོ་འཛིན་གཅིག་གི་ལྟ་རྟོག་འོག་ཡོད་པ་དང་། ས་གནས་དེ་དག་གི་བར་ཐག་ཀེ་ལོ་མས་ཊར་༢༤༥ཙམ་སར་ཡོད་ལ། དེ་དག་ལ་དུས་ཐོག་གཟིགས་སྐྱོང་ཐུབ་མིན་གྱི་གནས་སྟངས་ཀྱང་ཡོད་སྐོར་ས་གནས་མི་མང་གིས་འགྲེལ་བརྗོད་གནང་གི་འདུག

དེ་བཞིན་ཏི་རྫི་དར་རྒྱས་གླིང་བོད་མིའི་གཞིས་སྒར་ལ་མཚོན་ན་ཡང་ཞིང་ལས་ཀྱི་ཐོན་ཁུངས་ཏོག་ཙམ་ཡག་པོ་ཡོད་པ་ལས། གཞན་འགྲིམ་འགྲུལ་སྟབས་བདེ་མིན་དང་ཆུ་གློག་དང་ཁ་པར་བརྡ་འཕྲིན།མྱུར་འཕྲིན་སོགས་དྲ་རྒྱུའི་བརྡ་རྟགས་ཀྱི་མཐུན་རྐྱེན་གང་ཐད་ནས་དཀའ་ངལ་ཡོད་པ་གཅིག་མཚུངས་རེད།   བཙན་བྱོལ་ནང་གི་གཞིས་ཆགས་གཞན་དང་བསྡུར་ན་ཧ་ཅང་གནས་སྟངས་སྐྱོ་བོ་རེད་ལ།   གཞུང་ངོས་ནས་དམིགས་བསལ་གཟིགས་སྐྱོང་གནང་བཞིན་ཡོད་པ་དེ་ཡང་འོས་འཚམས་ཤིག་ཡིན་པ་མཐོང་སོང་།།

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།