བྱམས་བརྩེས་ཕོངས་པའི་མིའི་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐུབ་ཐབས་མེད།
འདི་ལོའི་ཕྱི་ཟླ་༢པའི་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་དབུ་འབྱེད་ཀྱི་ལྷན་ཚོགས་ཤིག་༧གོང་ས་མཆོག་དབུ་བཞུགས་ཐོག་རྒྱ་གར་རྒྱལ་ས་ལྡི་ལི་རུ་ཕྱི་ཟླ་༤ པའི་ཚེས་༤ ནས་༦ བར་འཚོག་རྒྱུ་ཡིན་པར་ཡོངས་བསྒྲགས་བྱུང་བ་ལྟར། ཟླ་འདིའི་ཚེས་༤ ཉིན་༧གོང་ས་མཆོག་དབུ་བཞུགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཡོད་པ་དང་ཚེས་༥ དང་༦ ལ་སྰི་བསླབ་གཞི་དབུ་འབྱེད་དང་དེ་འབྲེལ་ཐོག་༧གོང་ས་མཆོག་གི་བཀའ་སློབ་དང་མཁས་པ་རྣམས་ཀྱི་གཏམ་བཤད། དེ་བཞིན་ཚོགས་བཅར་བའི་དྲི་བར་༧གོང་ས་མཆོག་གིས་ལན་འདེབས་གནང་བ་སོགས་ཀྱི་ལས་རིམ་ལྡན་ལ་རྒྱལ་སྤྱིའི་རང་བཞིན་ཅན་གྱི་ལྷན་ཚོགས་ཤིག་ལྡི་ལི་ཨན་དྰ་ཛ་གསོལ་མགྲོན་ཁང་དུ་འཚོགས་ཡོད་པ་རེད།
དེ་ཡང་ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༤ ཉིན་གྱི་སྔ་དྲོར་ཏཱ་ལའི་བླ་མའི་དགེ་རྩ་དང་། ཨེ་མོ་རི་མཐོ་སློབ། ཝ་ན་ཐེབས་རྩ་བཅས་མཉམ་སྦྲེལ་གྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སྤྱི་ཚོགས་དང་། སེམས་ཚོར། བཟང་སྤྱོད་བཅས་ཀྱི་སློབ་གསོའི་བསླབ་གཞི་གཏན་འབེབས་ཀྱི་དབུ་འབྱེད་མཛད་སྒོ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་ཨན་དཱཛ་གསོལ་མགྲོན་ཁང་དུ་བསྐོང་ཡོད་པ་དང་།
སྐབས་དེར་སྐུ་ཞབས་ Bren dan Ozawa de Silva ལགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་གཏན་འབེབས་གནང་བའི་རྒྱུད་རིམ་ངོ་སྤྲོད་གནང་བ་དང་། གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་“བྱམས་བརྩེས་ཕོངས་པའི་མིའི་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐུབ་ཐབས་མེད། དེར་བརྟེན་དེང་དུས་ཤེས་ཡོན་ལམ་ལུགས་ནང་བྱམས་བརྩེའི་སློབ་གསོ་ངེས་པར་དུ་དགོས། འཛམ་གླིང་ནང་དཀའ་ངལ་མང་པོ་ཞིག་མིས་བཟོས་པ་རེད། དཀའ་ངལ་དེ་དག་མིག་རྒྱང་ཐུང་ཐུང་དང་། ཉོན་མོངས་པའི་གཞན་དབང་དུ་སོང་བར་བརྟེན་ནས་ཡོང་བ་ཞིག་རེད།
དེ་འདྲ་ཡིན་སྟབས་སྨོན་ལམ་བརྒྱབ་པ་ཙམ་གྱིས་དཀའ་ངལ་སེལ་རྒྱུ་ཟེར་བ་ཡོང་ཐབས་མེད། བྱ་བ་བཟང་ངན་ཇི་འདྲ་ཞིག་ཡིན་ཡང་གཙོ་བོ་ཀུན་སློང་ལ་རག་ལས་ཡོད། ཀུན་སློང་དེ་གཙོ་བོ་ཡིན་སྟབས་དུས་རབས་འདི་འཚེ་མེད་ཞི་བ་བྱམས་བརྩེའི་དུས་རབས་ཤིག་བཟོ་མིན་མིའི་ཀུན་སློང་ལ་རག་ལས་ཡོད། ཤེས་ཡོན་གྱི་ལམ་ནས་མིའི་ཀུན་སློང་ཇེ་བཟང་དུ་བཏང་ཐུབ་པ་ཡིན་ན་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏང་ཐུབ་”སོགས་འགྲོ་བ་མིའི་སྤྱི་ཚོགས་ཀྱི་དཀའ་ངལ་ནི་བྱམས་བརྩེའི་སློབ་གསོ་དང་ཉམས་ལེན་གྱིས་མ་འདང་པ་ཡིན་པར་བཀའ་བསྩལ་འདུག
དེ་བཞིན་ཚེས་༥ ཉིན་གྱི་སྔ་དྲོར་༧གོང་ས་མཆོག་གི་དགོངས་བཞེད་དང་ལམ་སྟོན་གྱིས་བསྐྲུན་པའི་སྤྱི་ཚོགས་དང་། སེམས་ཚོར། བཟང་སྤྱོད་ཀྱི་ཤེས་ཡོན་སློབ་གསོའི་བསླབ་གཞིའམ་(Social, Emotional and Ethical Learning/SEE Learning) ཞེས་པ་སྐད་ཡིག་མི་འདྲ་བ་༡༢ ནང་ཡོད་པའི་བསླབ་གཞི་དེ་༧གོང་ས་མཆོག་གིས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་དབུ་འབྱེད་གནང་ཡོད་པ་དང་།
སྐབས་དེར་དབུས་ལྡི་ལི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་དང་ཤེས་རིག་བློན་ཆེན་གཅིག་ལྕོགས་སྐུ་ཞབས་མ་ནི་ཤི་སི་སོ་དྷི་ཡ་ ལགས་དང་། བྱིས་པའི་ཐོབ་ཐང་འཐབ་རྩོད་པ་ནོ་ལྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྒྱ་གར་བ་སྐུ་ཞབས་ཀེ་ལ་ཤི་ས་ཏ་ཡར་ཐི་མཆོག ཨེ་མོ་རི་གཙུག་ལག་སློབ་གྲྭའི་སློབ་དཔོན་ཆེན་མོ་བློ་བཟང་བསྟན་འཛིན་ནེ་གི་ལགས་སོགས་གནད་ཡོད་མི་སྣ་རྣམས་གཙོས་པའི་རྒྱལ་ཁབ་མི་འདྲ་བ་༣༧ ནང་གི་སློབ་གྲྭ་༡༠༥ ཡི་སྐུ་ཚབ་དང་སློབ་ཕྲུག ཤེས་ཡོན་པ་སོགས་ཚོགས་བཅར་བ་༡༣༠༠ ཙམ་མཉམ་ཞུགས་གནང་ཡོད་འདུག
དང་ཐོག་གོ་སྒྲིག་ཚོགས་ཆུང་ནས་འཚམས་འདྲིའི་གསུང་བཤད་གནང་གྲུབ་རྗེས་བློ་བཟང་བསྟན་འཛིན་ནེ་གི་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་ཡོད་པ་དང་། དེ་ནས་ཚོགས་པ་གསུམ་གྱི་ངོ་བོའི་ཐོག་ནས་དགའ་ལྡན་ཕོ་བྲང་གི་རྒྱ་གར་དང་ལྷོ་ཤར་ཨེ་ཤ་ཡ་ཁུལ་གྱི་འགན་འཛིན་བཀའ་ཟུར་བསྟན་པ་ཚེ་རིང་། སྰི་ཤེས་ཡོན་སློབ་གསོའི་བསླབ་གཞི་གཏན་འབེབས་ཀྱི་ལས་གཞིའི་འགན་འཛིན་འབུམ་རམས་པ་དགེ་བཤེས་བློ་བཟང་བསྟན་འཛིན། ཨེ་མོ་རེ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་རོ་བྷར་ཊི་ཕོལ།རྒྱ་གར་གྱི་ཝཱ་ནཱ་ཐེབས་རྩ་གསར་འཛུགས་གནང་མཁན་སྐུ་ཞབས་ཝིར་སིང་སོགས་ཀྱིས་དེང་རབས་ཚན་རིག་སོགས་ཀྱིས་ཕྱི་དངོས་པོའི་ཡར་རྒྱས་ཕྱིན་པ་དེས། ཕྱིའི་བདེ་བ་ཡུད་ཙམ་ལས་ནང་གི་སེམས་ལ་ཕྲག་དོག་དང་འགྲན་རྩོད་སོགས་བསླངས་ཏེ་འཛམ་གླིང་ནང་གི་རྙོག་གླེང་དག་ཡོང་གི་ཡོད་ཚུལ་དང་། དེ་མི་ཡོང་བའི་ཐབས་ལམ་དེ་༧གོང་ས་མཆོག་གི་དགོངས་གཞི་ལྟར་བྱམས་བརྩེ་ཡར་རྒྱས་གཏང་རྒྱུ་དེ་ཡིན་པས་ཚང་མས་རྒྱབ་སྐྱོར་གནང་དགོས་སྐོར་དང་། དེ་བཞིན་སྰི་ཤེས་ཡོན་སློབ་གསོའི་ནང་༧གོང་ས་མཆོག་གི་བྱམས་བརྩེ་དང་ཐུགས་ཁུར་གྱིས་མཚོན་པའི་དགོངས་གཞི་ཀུན་གྱི་བཅུད་གཅིག་ཏུ་བསྡུས་པ་ཡིན་པར་བརྟེན། མི་རབས་གཞོན་པ་རྣམས་ཀྱི་རྒྱུད་ལ་བཟང་སྤྱོད་ཀྱི་རིན་ཐང་འཇོག་རྒྱུའི་གོ་སྐབས་བཟང་ཤོས་དེ་ཡིན་པས་སྰི་ཤེས་ཡོན་སློབ་གསོ་འདི་འཛམ་གླིང་ཧྲིལ་པོར་ཁྱབ་སྤེལ་གཏང་རྒྱུའི་འབོད་སྐུལ། འཛམ་གླིང་ནང་དྲག་སྤྱོད་སོགས་ཀྱི་དཀའ་ངལ་དག་མཚོན་ཆས་སེལ་ཐབས་བྱེད་དུས་སྔར་ལས་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་པའི་དུས་འདིར་བསླབ་གཞི་འདི་འཛམ་གླིང་ནང་ལེགས་སྐྱེས་ཕུལ་དུ་བྱུང་བ་ཞིག་ཡིན་ཚུལ་སོགས་ཀྱི་གསུང་བཤད་གནང་ཡོད་པ་རེད། དེ་རྗེས་༧གོང་ས་མཆོག་གིས་ཁོང་ཉིད་ཀྱང་འགྲོ་བ་མི་དུང་ཕྱུར་༧༠ ནང་གི་གཅིག་ཡིན་པས་འགྲོ་བ་མིའི་བདེ་སྡུག་ལ་དམིགས་ཏེ་འདུ་འཛོམས་དེ་ལྟར་བྱུང་བར་བསྔགས་བརྗོད་གནང་བ་དང་། འཛམ་གླིང་གི་ཆགས་རིམ་ནས་གསུངས་ཏེ་འོ་འཐུང་གི་སྲོག་ཆགས་ཁྲོད་ནས་མི་རྣམས་ནི་གཞན་ལས་འཚེ་བ་བྱེད་ཆེ་ཤོས་དེ་ཡིན་ཡང་མིའི་རྣམ་དཔྱོད་ལ་བརྟེན་ནས་རླབས་ཆེན་གྱི་བྱ་བ་ཡང་མང་པོ་སྒྲུབ་ཐུབ་ཀྱི་ཡོད་ཚུལ། དེ་བཞིན་སྐུ་ཞབས་རི་ཆར་མོར་ཞེས་པ་ཆུང་དུས་དབྱིན་ཇིའི་དམག་མི་ཞིག་གིས་འགྱིག་མདེའུ་བརྒྱབ་ནས་ཁོང་གི་མིག་གཉིས་ལོང་བ་བཟོས་ཀྱང་དེ་ལ་སྡང་སེམས་མེད་པར་ཐོག་མར་ཨ་མའི་ཞལ་རས་མཇལ་གྱི་མ་རེད་སྙམ་པའི་བསམ་བློ་འཁོར་བ་སོགས་དཔེར་དྲངས་ཏེ་གཞི་རྩའི་མིའི་རང་བཞིན་བྱམས་བརྩེ་ཅན་ཞིག་ཡིན་པ་མཚོན་པར་གསུངས་པ་དང་།
ད་ལྟའི་ཆར་ཚན་རིག་པས་ཀྱང་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་ནི་བྱམས་བརྩེ་དང་ལྡན་པ་ཞིག་ཡིན་པར་རྗོད་ཀྱི་ཡོད་པ་དང་། ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཤིག་ཡིན་པར་བརྟེན་རང་ཉིད་འཚོ་བར་གཞན་གྱི་བརྩེ་བ་ལ་བརྟེན་དགོས་ཚུལ། དེ་ཡང་ཐོག་མར་ཨ་མ་ནས་རིམ་གྱིས་གྲོགས་ཕོ་མོའི་བྱམས་བརྩེ་དང་འབྲེལ་དགོས་སྐོར་དང་། གཞན་ཡང་དེང་དུས་བྱིས་པ་རྣམས་ལ་ཕྱི་དངོས་པོའི་མཐུན་རྐྱེན་གོང་འཕེལ་གཏོང་ཐབས་ཀྱི་སློབ་སྦྱོང་གཙོ་བོ་སྤྲོད་པ་དེས་ནང་བྱམས་བརྩེའི་བསམ་བློ་བག་ལ་ཉལ་འགྲོ་བར་བརྟེན། ཕྱིའི་དངོས་པོའི་ཡར་རྒྱས་ལ་དང་འདོད་ཤུགས་ཆེ་རུ་ཕྱིན་ནས་མིའི་ཕུལ་བྱུང་གི་རྣམ་དཔྱོད་དེ་བེད་སྤྱོད་ཕྱིན་ཅི་ལོག་ཏུ་བཏང་ནས་གཏོར་བཤིག་གཏོང་གི་ཡོད་ཚུལ་སོགས་དང་། མིའི་རྣམ་དཔྱོད་ལ་བརྟེན་ནས་དངོས་ཡོད་གནས་ཚུལ་རྟོགས་ཐུབ་པ་ལས་ཉོན་མོངས་ཀྱི་གཞན་དབང་དུ་སོང་བའི་བློས་དངོས་ཡོད་གནས་ཚུལ་མཐོང་ཐུབ་ཀྱི་མེད་པ། ཁོང་ཁྲོ་ལངས་པའི་སྐབས་ལྟ་བུར་མི་སྡུག་པ་ག་ཚོད་སྣང་ཡང་ཆོས་རབ་ཏུ་རྣམ་པར་དཔྱོད་པའི་ཤེས་རབ་ཀྱིས་དཔྱད་ན་སྣང་བ་ལྟར་གྲུབ་ཏུ་མེད་པ་དེ་གསལ་བོ་ཡིན་པ་སོགས་གསུངས་ཏེ། ཤེས་ཡོན་གྱི་ལམ་བརྒྱུད་ནས་མིའི་རྣམ་དཔྱོད་དང་བྱམས་རྩེ་ཟུང་འབྲེལ་གྱིས་བསམ་བློ་ཇེ་བཟང་དུ་གཏང་རྒྱུ་གལ་ཆེན་ཡིན་པ་བཅས་ཀྱིས་ཨེ་མོ་རི་མཐོ་སློབ་ཀྱིས་གཙོས་པའི་འབྲེལ་ཡོད་འགན་ཁུར་གནང་མཁན་རྣམས་ལ་མགོན་པོ་གང་གིས་ཡི་རང་དང་བསྔགས་བརྗོད་གནང་ཡོད་པ་དང་། མ་ཟད་ལས་གཞི་འདིའི་གྲུབ་འབྲས་བདུན་ཕྲག་རྗེས་མ་རང་ལ་འདི་ཡིན་ཞེས་སྟོན་རྒྱུ་ཁག་ཀྱང་མ་འོངས་པའི་མི་རབས་ལ་བྱམས་བརྩེ་ཅན་ཞིག་ཏུ་འགྱུར་ངེས་ཡིན་པ་སོགས་གསུངས་ཡོད་པ་རེད།
ཚེ ༦ ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་དང་འབྲེལ་བའི་དྲྭ་རྒྱ་ཞིག་དབུ་འབྱེད་གནང་ཡོད་འདུག་པ་དང་། དེ་བཞིན་དགེ་རྒན་དང་སློབ་ཕྲུག་རྣམས་གཙོ་བོ་བྱས་པའི་ཚོགས་བཅར་བ་ཚོས་དྲི་བ་ཕུལ་བ་རྣམས་ལ་བཀའ་ལན་གནང་བ་སོགས་མཛད་ཡོད་པ་རེད།
གསར་འགོད་པ་བསྟན་འཛིན་ལམ་བཟང་།