བྱིས་པ་དང་བུད་མེད་ལ་རྒོལ་བའི་ནག་ཉེས་ཁྲིམས་ཡིག་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་འགོ་འཛུགས་གནང་སོང་།
ཟླ་འདིའི་ཚེས་༢༩ ་ཉིན་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་གོ་སྒྲིག་འོག་རྡ་སའི་ཉེ་འགྲམ་དུ་ཡོད་པའི་(Imperial Heights) ་ཞེས་པའི་གསོལ་མགྲོན་ཁང་དུ་ནག་ཉེས་དང་འབྲེལ་བའི་རྒྱ་གར་གྱི་ཁྲིམས་ཡིག་དང་། ཁྲིམས་གཅོད་ལམ་ལུགས། བྱིས་པ་དང་བུད་མེད་ལ་རྒོལ་བའི་ནག་ཉེས་ཁྲིམས་ཡིག་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་འགོ་འཛུགས་གནང་སོང་།
སྐབས་དེར་ང་ཚོས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་སྒྲོལ་དཀར་ལགས་སུ་ཚོགས་འདུ་གོ་སྒྲིག་བྱེད་དགོས་པའི་དམིགས་ཡུལ་སོགས་དང་འབྲེལ་བའི་བཅར་འདྲི་བྱེད་དུས། ཁོང་གིས་ལས་ཀ་བྱེད་པའི་བརྒྱུད་རིམ་ཁྲོད་ཁྲིམས་ལུགས་ཀྱི་གོ་རྟོགས་མེད་པའི་དབང་གིས་མི་མང་ལ་དཀའ་ངལ་མང་བ་འཕྲད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། གཞིས་ཆགས་ཁག་ཏུ་དཀའ་ངལ་འཕྲད་བའི་སྐབས་སུ་དང་པོ་གཏུག་ས་དེ་ས་གནས་འགན་འཛིན་ཆགས་ཀྱི་ཡོད་པ་དང་། གལ་སྲིད་ས་གནས་འགན་འཛིན་ཚོ་ལ་ཁྲིམས་ལུགས་ཀྱི་གོ་རྟོགས་མེད་ཚེ། ས་གནས་མི་མང་ཚོ་ལ་འགྲོ་སྟངས་འགྲོ་ལུགས་ཀྱི་ལམ་སྟོན་བྱེད་ཐུབ་ཀྱི་མེད་པར་བརྟེན། ས་གནས་འགན་འཛིན་ཚོ་ལ་ཁྲིམས་ལུགས་གོ་རྟོགས་སྤེལ་རྒྱུ་གལ་ཆེན་མཐོང་ནས་བགྲོ་གླེང་ཚོགས་འདུ་དེ་གོ་སྒྲིག་བྱས་པ་ཡིན་ཞེས་དང་། ཁྲིམས་ལུགས་རིག་པ་བའི་ཚོགས་པས་ས་གནས་འགན་འཛིན་ཚོ་ལ་བགྲོ་གླེང་ཚོགས་འདུ་གོ་སྒྲིག་བྱས་པ་ཐོག་མ་ཆགས་ཀྱི་ཡོད་པ་དང་། ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ཐོག་རྒྱ་གར་གྱི་བྱང་ཤར་དང་བྱང་ཁུལ་གྱི་ས་གནས་འགན་འཛིན་གྲངས་༢༥ མཉམ་ཞུགས་གནང་ཡོད་པ་དང་ལོ་རྗེས་མར་ལྷོ་ཕྱོགས་སུ་གོ་སྒྲིག་བྱེད་རྒྱུ་ཡིན་ཞེས་དྲིས་ལན་གནང་སོང་།
དེ་བཞིན་ཁོང་གིས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ནང་རྒྱུན་ལས་ཁྲིམས་རྩོད་པ་ལྔ་ཡོད་པ་དང་། ཕྱི་ལོ་༢༠༡༦ ལོར་བཞུགས་སྒར་དུ་ལས་ཁུངས་བཙུགས་ནས་བཟུང་ད་བར་མི་སུམ་སྟོང་ལྷག་ལ་ཁྲིམས་ལུགས་དང་འབྲེལ་བའི་རོགས་པ་བྱས་ཡོད་པ་དང་། ཚོགས་པས་ད་བར་ཁྲིམས་ལུགས་ལམ་སྟོན་དང་འབའ་ཡིག་(Affidavit) ཆང་སའི་དེབ་སྐྱེལ་དང་བཟའ་བྲལ་གྱོད་དོན། ཆིངས་ཡིག་དང་མི་སེར་ལག་འཁྱེར་སོགས་བཟོ་རོགས་བྱེད་ཀྱིི་ཡོད་པ་དང་། ལྷག་པར་དུ་རེས་བཟའ་པ་སངས་ཉིན་རིན་མེད་ཐོག་བུད་མེད་དང་ཕྲུ་གུ་སོགས་དང་འབྲེལ་བའི་ཁྲིམས་ལུགས་ལམ་སྟོན་བྱེད་ཀྱི་ཡོད་ཅེས་ལན་འདེབས་གནང་བྱུང་།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་དེ་ནི་ཕྱི་ལོ་༢༠༡༣ ཟླ་༦ ཚེས་༣༠ ཉིན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཚོགས་ཁང་དུ་བོད་མིའི་ཁྲིམས་ལུགས་རིག་པ་བ་༤༡ ཚང་འཛོམས་ཀྱིས་ཉིན་གསུམ་རིང་བགྲོ་གླེང་གནང་ནས་གསར་འཛུགས་བྱས་ཡོད་འདུག་པ་དང་། ཕྱི་ལོ་༢༠༡༦ ཟླ་༣ ཚེས༡ ་ཉིན་བཞུགས་སྒར་དུ་ལས་ཁུངས་གསར་འཛུགས་བྱས་ནས་ད་བར་ཁྲིམས་དང་འབྲེལ་བའི་སྤྱི་ཚོགས་ནས་རོགས་པ་མི་ཉུང་བ་ཞིག་བྱས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།