བྱེད་དགོས་པ་བཞི་དང་དེ་དང་འགལ་ན་མི་ཆོག་པ་བཞི་ཡི་བཙན་བཀའ།
རྒྱ་གཞུང་གིས་བརྒྱད་གཅིག་དུས་སྟོན་ཟེར་བའི་ཐོག ཁམས་འབྲི་རུར་གཅན་གཟན་པགས་རིགས་ཀྱི་གྱོན་གོས་མ་གྱོན་ན་ལོ་ལྔ་ཡི་རིང་དབྱར་རྩྭ་དགུན་འབུ་རྐོ་མི་ཆོག་པའི་སྡིག་ར་དང་བཙན་བཀའ་བཏང་འདུག
རྒྱ་གཞུང་གིས་བརྒྱད་གཅིག་དུས་སྟོན་ཟེར་བའི་ཐོག ཁམས་འབྲི་རུར་གཅན་གཟན་པགས་རིགས་ཀྱི་གྱོན་གོས་མ་གྱོན་ན་ལོ་ལྔ་ཡི་རིང་དབྱར་རྩྭ་དགུན་འབུ་རྐོ་མི་ཆོག་པའི་སྡིག་ར་དང་བཙན་བཀའ་བཏང་འདུག
ཡོ་རོབ་གནས་སྡོད་འབྲི་རུ་བ་བསམ་འགྲུབ་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ༢༠༡༥ཕྱི་ཟླ་༧ པའི་ཚེས་༢༥ ཉིན་ཁམས་ནགས་ཤོད་འབྲི་རུ་ས་གནས་སུ་རྒྱ་ནག་གཞུང་གིས་ངེས་པར་དུ་བྱེད་དགོས་པ་བཞི་དང་དེ་དང་འགལ་ན་མི་ཆོག་པ་བཞིའི་སྲིད་ཇུས་ལག་ལྟར་བྱས་འདུག ༡ སྒྱུ་རྩལ་གྱི་དུས་ཆེན་ངེས་པར་འཚོགས་དགོས་པ། སྒྱུ་རྩལ་དུས་ཆེན་མ་འཚོགས་ན་མི་མང་རྣམས་དབྱར་རྩྭ་དགུན་འབུ་རྐོ་མི་ཆོག ༢ སྡིངས་ཆའི་སྟེང་གཞས་སྣ་འཁྲབ་སྟོན་ངེས་པར་བྱེད་དགོས་པ། འཁྲབ་སྟོན་མ་བྱས་ན་དབྱར་རྩྭ་དགུན་འབུ་རྐོ་མི་ཆོག ༣ འཁྲབ་སྟོན་པ་རྣམས་ཀྱིས་གཅན་གཟན་གྱི་པགས་རིགས་ངེས་པར་གྱོན་དགོས་པ། མ་གྱོན་ན་དབྱར་རྩྭ་དགུན་འབུ་རྐོ་མི་ཆོག ༤ དུས་རྒྱུན་རྫོང་ཕྱི་ནང་གང་དུ་སྡོད་ཀྱི་ཡོད་ཀྱང་ངེས་པར་འཁྲབ་སྟོན་སྐབས་ལྟད་མོ་བལྟ་བར་ཡོང་དགོས་པ། ལྟད་མོ་བལྟ་བར་མ་ཡོང་ན་དབྱར་རྩྭ་དགུན་འབུ་རྐོ་མི་ཆོག་ཟེར་ནས་གཅན་གཟན་པགས་རིགས་ཀྱི་གྱོན་གོས་མང་པོ་ཁྱེར་ཡོང་སྟེ་མི་མང་རྣམས་ལ་བཙན་ཤེད་ཀྱིས་བསྐོན་ནས་སྡིངས་ཆའི་ཐོག་གཞས་འཁྲབ་ཏུ་བཅུག་པ་དང་། གལ་སྲིད་སུས་དང་ལེན་མ་བྱས་ཚེ་ལོ་ལྔ་ཡི་རིང་དབྱར་རྩྭ་དགུན་འབུ་རྐོ་མི་ཆོག་པའི་སྡིག་ར་དང་བཙན་བཀའ་བཏང་འདུག
ས་གནས་འབྲི་རུ་ལ་མཚོན་ན་མི་མང་གི་དཔལ་འབྱོར་གྱི་ཡོང་ཁུངས་དང་འཚོ་རྟེན་གཙོ་བོ་དབྱར་རྩྭ་དགུན་འབུ་ཡིན་ཞིང་། གལ་སྲིད་དབྱར་རྩྭ་དགུན་འབུ་རྐོ་རུ་མ་བཅུག་ཚེ་མི་མང་གི་འཚོ་རྟེན་ལ་དོ་ཕོག་ཆེན་པོ་འགྲོ་ཡི་ཡོད་པར་བརྟེན། རྒྱ་གཞུང་ནས་དབྱར་རྩྭ་དགུན་འབུ་རྐོ་རྒྱུར་བཀག་འགོག་གི་བཙན་བཀའ་བཏང་རྒྱུ་ནི་མི་མང་ལ་དྲག་རྩུབ་ཀྱི་སྡུག་སྦྱོང་གཏོང་བྱེད་ཀྱི་ལག་ཆ་བཟང་ཤོས་ཤིག་ལ་ངོས་འཛིན་གྱིས་འཆར་གཞི་དང་དང་ལྡན་པའི་སྒོ་ནས་སྐྱུག་བྲོ་བའི་ལས་ངན་འདི་འདྲ་ཞིག་བརྩམས་འདུག གཞས་སྣ་འཁྲབ་སྟོན་གྱི་འདུ་འཛོམས་འདི་ནི་དབྱར་སྐྱིད་ཀྱི་དགའ་སྤྲོའི་རྣམ་པ་ཞིག་རྩ་བ་ནས་མེད་པར་མི་འདོད་བཞིན་དུ་རྒྱ་གཞུང་གི་བཙན་འོག་ཏུ་རང་དབང་སྤུ་ཙམ་མེད་པའི་འབྲི་རུའི་མི་མང་རྣམས་ལ་བཙན་དབང་གིས་བྱེད་དུ་བཅུག་པའི་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་འཁྲབ་སྟོན་ཞིག་རེད་ཅེས་ས་གནས་མི་མང་གིས་འགྲེལ་བརྗོད་བྱེད་ཀྱིན་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཁམས་འབྲི་རུར་ཆབ་སྲིད་ཀྱི་ལས་འགུལ་འདི་འདྲ་ཞིག་སྤེལ་དགོས་དོན་ནི་འབྲི་རུར་བོད་དོན་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བསྟུད་མར་གནང་བ་དང་། ྋགོང་ས་ མཆོག་གིས་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས ༣༡ སྐབས་པགས་རིགས་གོས་རྒྱན་སྐོར་བཀའ་སློབ་ཕེབས་པ་བཞིན། ཕྱི་ལོ་ ༢༠༠༦ ལོར་ འབྲི་རུའི་མི་མང་གིས་མ་བསྐུལ་དང་ལེན་གྱིས་གཅན་གཟན་པགས་རིགས་གང་ཡོད་མེར་སྲེག་བཏང་ཡོད་པ་དང་།
ཕྱི་ལོ་༢༠༡༣ཟླ་ ༩་ཚེས་༢༨ ཉིན་རྒྱ་ནག་གཞུང་གིས་བཙན་དབང་གིས་དགོན་སྡེ་དང་མི་ཚང་ཐོག་ཁར་སྐར་ལྔའི་དར་དམར་བསྒྲེངས་པར་ས་གནས་མི་མང་གིས་ངོ་རྒོལ་གྱིས་དར་དམར་ཕབ་སྟེ་ཆུ་ལ་གཡུག་པ་བརྟེན་རྒྱ་གཞུང་གིས་ཉེན་རྟོག་པ་དང་དམག་མི་འབོར་ཆེན་བཏང་ནས་སྐབས་དེར་མི་བཞི་བཅུ་ཙམ་འཛིན་བཟུང་བྱས་པ་མ་ཟད་གནས་ཚུལ་དེར་འབྲེལ་བ་ཡོད་པ་ཚོའི་ཕྲུ་གུ་སློབ་གྲར་འགྲོ་མི་ཆོག་པ། ནད་པ་རྣམས་ལ་སྨན་ཁང་དུ་སྨན་བཅོས་བྱེད་མི་ཆོག་པ། རྗེས་སུ་དབྱར་རྩ་དགུན་འབུ་བརྐོ་བར་འགྲོ་མི་ཆོག་པ་སོགས་ཀྱི་བཙན་བཀའ་བཏང་ཡོད་པ་མ་ཟད། རྒྱ་གཞུང་གིས་སློབ་ཕྲུག་རྣམས་སློབ་གྲྭ་ནས་ཕྱིར་འཕུད་གཏོང་གི་ཡིན་སོགས་ཀྱི་སྡིག་ར་བཏང་། ཉིན་དེའི་དགོང་མོ་ཆུ་ཚོད་ ༧ ཙམ་ལ་ཆུང་བྱིས་པ་ནས་རྒན་གོག་ལོ་༨༣ ལ་བསླེབས་པའི་བར་གྱི་མི་མང་སྟོང་ཕྲག་ལྷག་འདུ་འཛོམས་ཀྱིས་ཆུ་ཚོད་༢༤རིང་རྫོང་མི་དམངས་སྲིད་གཞུང་ལས་ཁུངས་སྒོ་འགྲམ་དུ་ཟས་བཅད་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་།
ཁོར་ཡུག་དང་གནས་རི་སྲུང་སྐྱོབ་ཆེད་གཏེར་ཁ་སྔོག་འདོན་གྱི་ལས་གཞིར་ངོ་རྒོལ་གནང་བ་སོགས་ཀྱིས་མཚོན་རྒྱ་ནག་གཞུང་གིས་ལག་བསྟར་བྱས་པའི་སྲིད་ཇུས་ལམ་ལྷོང་མ་བྱུང་བར་རིམ་པས་ཕམ་ཉེས་སོང་བར་བརྟེན། རྒྱ་ནག་གཞུང་ནས་ཕྱི་ལོ་༢༠༡༣ལོར་འབྲི་རུ་རྫོང་ནི་ཆབ་སྲིད་ཐོག་བདེ་འཇགས་མེད་པའི་ས་ཁུལ་ཞིག་ལ་ངོས་འཛིན་གྱིས་རྫོང་འདི་ཞི་བདེ་ལྷིང་འཇགས་བཟོ་མ་ཐུབ་ན་ས་གནས་དང་། རང་སྐྱོང་ལྗོངས་ས་ཁུལ་གཞན་དུ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པས་འབྲི་རུ་རྫོང་གི་ཡུལ་མི་རྣམས་ལ་བསམ་བློའི་སློབ་གསོ་མཐར་ཕྱིན་པ་སྤྲོད་དགོས་ཟེར་ནས། བཙོན་དུ་བཅུག་པ་དང་ཉིན་མཚན་མེད་པར་བསམ་བློའི་སློབ་གསོའི་ཚོགས་འདུ་ཚོགས་པ་དང་། བརྒྱུད་ལམ་ཡོངས་རྫོགས་བཀག་སྡོམ་ཀྱིས་ད་ལྟའི་ལས་འགུལ་འདི་ལ་ཐུག་གི་བར་རྒྱུན་མ་ཆད་པར་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ནས་འབྲི་རུ་ནི་བཙོན་ར་ཞིག་ཏུ་གྱུར་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།། གསར་འགོད་པ་ངག་དབང་ཐར་པ།