བྷ་ཌན་གྱིས་མེ་ཤུགས་འཕུར་མདའི་གོ་མཚོན་རོགས་སྐྱོར་བྱེད་རྒྱུ་མིན་པ་བརྗོད་འདུག
ཟླ་འདིའི་ཚེས་༣༠ ཉིན་ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག ཨ་རིའི་ངོས་ནས་ཡུ་ཀེ་རེན་ལ་ཨུ་རུ་སུའི་ནང་དུ་འཕུར་སྐྱོད་ཐུབ་པའི་མེ་ཤུགས་འཕུར་མདའི་གོ་མཚོན་རིགས་ཀྱི་རོགས་སྐྱོར་བྱེད་རྒྱུ་མིན་པ་བརྗོད་ཡོད་འདུག
ཟླ་འདིའི་ཚེས་༣༠ ཉིན་ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག ཨ་རིའི་ངོས་ནས་ཡུ་ཀེ་རེན་ལ་ཨུ་རུ་སུའི་ནང་དུ་འཕུར་སྐྱོད་ཐུབ་པའི་མེ་ཤུགས་འཕུར་མདའི་གོ་མཚོན་རིགས་ཀྱི་རོགས་སྐྱོར་བྱེད་རྒྱུ་མིན་པ་བརྗོད་ཡོད་འདུག
རེས་གཟའ་ཟླ་བའི་ཉིན་ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་ཨ་རིའི་མངའ་སྡེ་(Delaware) ནས་ཕོ་བྲང་དཀར་པོར་ཕྱིར་ལོག་བྱེད་པའི་སྐབས། གསར་འགོད་པས་ཨ་རིའི་ངོས་ནས་ཡུ་ཀེ་རེན་ལ་མེ་ཤུགས་འཕུར་མདའི་གོ་མཚོན་རོགས་སྐྱོར་གནང་རྒྱུའི་ཡིན་མིན་སྐོར་ལ་བཀའ་འདྲི་ཞུས་པའི་སྐབས་ཁོང་གིས་བརྗོད་དོན་ལ། ཨ་རིའི་ངོས་ནས་ཡུ་ཀེ་རན་ལ་ཨུ་རུ་སུའི་ནང་དུ་འཕུར་སྐྱོད་ཐུབ་པའི་མེ་ཤུགས་འཕུར་མདའི་གོ་མཚོན་རིགས་རོགས་སྐྱོར་བྱེད་རྒྱུ་མིན་སྐོར་བརྗོད་པ་མ་ཟད།“ང་ཚོར་རྩ་ཁྲིམས་ཡོད་པ་རེད། ང་ལ་དངོས་པོ་དེ་དག་ལ་བཀའ་བཀོད་བྱེད་རྒྱུའི་དབང་ཚད་མེད། ངའི་ངོས་ནས་གང་ཐུབ་བྱས་པ་ཡིན། ད་དུང་མུ་འཐུད་བྱེད་རྒྱུ་ཡིན། འོན་ཀྱང་ང་ལ་གོ་མཚོན་ཐོག་ཁྲིམས་མེད་ལུགས་མེད་བྱེད་རྒྱུའི་དབང་ཚད་མེད། ཁྱོད་ཚོས་ཤེས་གསལ་རེད། ངའི་མི་ཚེ་ཧྲིལ་པོ་ལས་དོན་དེའི་ཐོག་ལས་ཀ་བྱས་པ་རེད།” ཅེས་གསུངས་ཡོད་འདུག
ད་ལྟའི་ཆར་ཡུ་ཀེ་རན་ཤར་ཕྱོགས་ཀྱི་གྲོང་ཁྱེར་(Severodonetsk) ནང་དུ་ཨུ་རུ་སུའི་དྲག་པོའི་དམག་གིས་དཔུང་འཇུག་བྱེད་བཞིན་ཡོད་པ་དང་། བདུན་ཕྲག་སྔོན་མའི་ནང་གྲོང་ཁྱེར་(Severodonetsk) ལ་ཨུ་རུ་སུས་འབར་མདེལ་གྱི་རྒོལ་རྡུང་ཚབས་ཆེན་བཏང་ཡོད་འདུག་ལ། གྲོང་ཁྱེར་ས་ཝར་རོབ་ཎེ་སིབ་ནི་ད་ལྟ་ཡུ་ཀེ་རན་ལག་ཏུ་ཡོད་པའི་ཤར་ཕྱོགས་ས་ཁུལ་གྱི་གྲོང་ཁྱེར་ཁེར་རྐྱང་དེ་ཡིན་པས། གལ་སྲིད་ཨུ་རུ་སུའི་དྲག་པོའི་དམག་གིས་བཙན་བཟུང་བྱས་ཚེ། གྲོང་ཁྱེར་(Lugansk) ཨུ་རུ་སུའི་དབང་སྒྱུར་འོག་ཏུ་ཚུད་ཀྱི་ཡོད་པ་མ་ཟད། ཤར་ཕྱོགས་ས་ཁུལ་གྲོང་ཁྱེར་དྷོང་བྷ་སེ་ཀྱང་ཨུ་རུ་སུའི་དབང་སྒྱུར་འོག་ཏུ་ཚུད་སྲིད་པའི་ཉེན་ཁ་ཡོད་འདུག
དེ་ཡང་ཡུ་ཀེ་རེན་གྱི་སྲིད་འཛིན་ཝོ་ལོ་ཌི་མིར་ཇེ་ལེན་སེ་ཀེ་(Volodymyr Zelensky) ཡིས་ཨུ་རུ་སུའི་དྲག་པོ་དམག་ལ་འགོག་རྒོལ་བྱེད་ཆེད་དུ་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཡུ་ཀེ་རན་ཏུ་དེང་རབས་ཅན་གྱི་གོ་མཚོན་རོགས་སྐྱོར་གནང་རྒྱུར་ནན་སྐུལ་ཐེངས་མང་བྱས་ཡོད་པ་དང་། ཉེ་ཆར་སྲིད་འཛིན་ཝོ་ལོ་ཌི་མིར་ཇེ་ལེན་སེ་ཀེ་ཡིས་སློབ་སྟོན་པ་མེ་ཀ་ལོབ་(Mykhailo Podoliak) ཀྱིས་སྒེར་གྱི་སྤྱི་ཚོགས་དྲ་ལམ་ཀྲུ་ཌར་བརྒྱུད་ནས་བརྗོད་དོན། གལ་སྲིད་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཡུ་ཀེ་རེན་ལ་རྒྱལ་ཁ་ཐོབ་འདོད་ཡོད་ཚེ། རྒྱང་ཐག་ཧ་ཅང་རིང་པོར་འཕུར་ཐུབ་པའི་མེ་ཤུགས་འཕུར་མདའི་མཚོན་ཆའི་རོགས་སྐྱོར་གནང་རྒྱུའི་དུས་ལ་སླེབས་ཡོད་ལུགས་དང་། ང་ཚོར་མཚོན་ན་རྒྱང་ཐག་ཀི་ལོ་མི་ཌར་༧༠ ལྷག་ནས་ཚུར་ལ་འཐབ་རྒོལ་བྱེད་པ་དེར་ཕར་རྒོལ་བྱེད་རྒྱུའི་མཚོན་ཆ་གང་ཡང་མེད་ལུགས་བརྗོད་ཡོད་འདུག
དེ་བཞིན་ཡུ་ཀེ་རེན་ལ་ད་བར་ཨ་རིའི་ངོས་ནས་གོ་མཚོན་ཕོན་ཆེན་རོགས་སྐྱོར་གནང་ཡོད་ཀྱང་། ཡུ་ཀེ་རེན་ཕྱོགས་ནས་ཨུ་རུ་སུའི་དྲག་པོ་དམག་ལ་འགོག་རྒོལ་ཆེད་རྒྱང་ཐག་རིང་པོར་འཕུར་ཐུབ་པའི་མེ་ཤུགས་འཕུར་མདའི་གོ་མཚོན་རོགས་སྐྱོར་དགོས་པའི་ནན་སྐུལ་བྱེད་བཞིན་ཡོད་པ་དང་། ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་མས་ཡུ་ཀེ་རེན་ལ་ཨ་སྒོར་ཐེར་འབུམ་༤༠ ཐམ་པའི་གོ་མཚོན་ལ་སོགས་པའི་མཐུན་འགྱུར་རོགས་རམ་གནང་རྒྱུ་ཡིན་པའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། ད་རེས་རོགས་སྐྱོར་དེའི་ནང་ཨ་རིའི་ངོས་ནས་ཡུ་ཀེ་རེན་ལ་མེ་ཤུགས་འཕུར་མདའི་གོ་མཚོན་རིགས་མཐུན་འགྱུར་གནང་རྒྱུ་མིན་པ་ཁ་གསལ་ཆགས་ཡོད་འདུག
གསར་འགོད་པ། ཆོས་གྲགས།