བྷ་ཌན་དང་ཞི་ཅིན་ཕིང་གཉིས་ཀྱིས་ཁ་པར་བརྒྱུད་དེ་གྲོས་མོལ་ཐེངས་གཉིས་པ་དེ་བྱས་འདུག

ཨ་རིའི་སྲིད་འཛིན་བྷ་ཌན་དང་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གཉིས་ཀྱིས་ཁ་པར་བརྒྱུད་དེ་གྲོས་མོལ་གཉིས་པ་བྱས་པའི་ནང་། “ཨ་རི་དང་རྒྱ་ནག་གཉིས་ཀྱི་འགྲན་རྩོད་དེ་འཁྲུག་རྩོད་ལ་འགྱུར་དུ་འཇུག་མི་ཉན་པའི་”འགན་འཁྲིའི་སྐོར་གྲོས་མོལ་བྱས་ཡོད་འདུག

ཨ་རིའི་སྲིད་འཛིན་བྷ་ཌན་དང་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གཉིས་ཀྱིས་ཁ་པར་བརྒྱུད་དེ་གྲོས་མོལ་གཉིས་པ་བྱས་པའི་ནང་། “ཨ་རི་དང་རྒྱ་ནག་གཉིས་ཀྱི་འགྲན་རྩོད་དེ་འཁྲུག་རྩོད་ལ་འགྱུར་དུ་འཇུག་མི་ཉན་པའི་”འགན་འཁྲིའི་སྐོར་གྲོས་མོལ་བྱས་ཡོད་འདུག 


ཕྱི་ཟླ་༩ ཨ་རིའི་ཚེས་༩ རེས་གཟའ་ཕུར་བུའི་ཉིན་ཨ་རིའི་སྲིད་འཛིན་བྷ་ཌན་དང་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གཉིས་ཀྱིས་ཁ་པར་བརྒྱུད་དེ་རྒྱལ་ཁབ་གཉིས་ཀྱི་གནད་དོན་སྐོར་གླེང་མོལ་བྱས་འདུག་པ་དང་། དེ་ནི་བྷ་ཌན་སྲིད་འཛིན་དུ་གྱུར་བའི་རྗེས་ཀྱི་གྲོས་མོལ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་འདུག 

ཨ་རིའི་ཕོ་བྲང་དཀར་པོ་ནས་བཏང་བའི་གསལ་བསྒྲགས་ལྟར་ན། འགོ་ཁྲིད་གཉིས་ཀྱི་བར་དུ་“གྲོས་མོལ་གཞི་རྒྱ་ཆེན་པོ་ཞིག་བྱུང་བའི་ནང་། ཕྱོགས་གཉིས་ཀའི་ཁེ་ཕན་ཡོད་སའི་གནད་དོན་དང་། ཡང་ཕྱོགས་གཉིས་ཀྱི་ཁེ་ཕན་དང་ལྟ་བ་ལང་ཕྱོགས་མི་གཅིག་པའི་གནད་དོན་རྣམས་ཀྱི་སྐོར་ལ་གྲོས་མོལ་བྱས་ཡོད་”འདུག 

ཉེ་བའི་ལོ་ཤས་ནང་། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཨང་དང་པོ་དང་གཉིས་པ་གཉིས་ཀྱི་བར་དུ་ཚོང་ལས་དང་། གསང་ཉུལ། ནད་ཡམས་ཀྱི་འབྱུང་ཁུངས། འགྲོ་བ་མིའི་ཐོབ་ཐང་ལ་སོགས་པའི་གནད་དོན་སྣ་ཚོགས་ཐོག་ནས་འགལ་ཟླ་དང་། རྩོད་རྙོག་རྒྱུན་མི་ཆད་པར་འབྱུང་བཞིན་ཡོད་པ་དང་། བྷ་ཌན་སྲིད་གཞུང་གིས་དངོས་སུ་རྒྱ་ནག་ལ་“འགྲན་རྩོད་” དང་ཁ་གཏད་གཅོག་རྒྱུ་དེ་ཕྱི་འབྲེལ་སྲིད་བྱུས་ཀྱི་གལ་འགངས་ཆེ་ཤོས་སུ་བཟུང་ཡོད་སྐོར་སྒྲོག་གི་ཡོད། 

ཕོ་བྲང་དཀར་པོའི་གསལ་བསྒྲགས་སུ། “སྲིད་འཛིན་བྷ་ཌན་གྱིས་གསལ་པོར་གསུངས་པ་ལྟར། གྲོས་མོལ་འདི་ནི་ཨ་རིའི་ངོས་ནས་ཨ་རྒྱ་གཉིས་ཀྱི་འགྲན་རྩོད་དེ་འགན་འཁྲི་ལྡན་པ་ཞིག་ཡོང་ཐབས་ཀྱི་འབད་པའི་ཆ་ཤས་ཤིག་ཡིན་”ཞེས་བརྗོད་པའི་ཐོག འགོ་ཁྲིད་གཉིས་ཀྱིས་“ཨ་རི་དང་རྒྱ་ནག་གཉིས་ཀྱི་འགྲན་རྩོད་དེ་འཁྲུག་རྩོད་ལ་འགྱུར་དུ་འཇུག་མི་ཉན་པའི་འགན་འཁྲིའི་སྐོར་གྲོས་མོལ་བྱས་ཡོད་”ཅེས་བསྣན་འདུག

ད་ལྟའི་ཆར་ཨ་རི་དང་རྒྱ་ནག་གཉིས་ཀྱི་བར་དུ་ལོ་ངོ་བཅུ་ཕྲག་ནང་གི་འགལ་ཟླ་དང་རྩོད་རྙོག་ཆེ་ཤོས་དེ་འབྱུང་བཞིན་ཡོད་དེ། ཕྱི་ལོ་༢༠༡༨ ལོར་སྲིད་འཛིན་གོང་མ་ཊོམ་གྱི་སྐབས་སུ་འགོ་ཚུགས་པའི་ཨ་རྒྱའི་ཚོང་དམག་མུ་མཐུད་འབྱུང་བཞིན་པའི་ཁར། ཨ་རིས་མངོན་སུམ་འཛེམ་མེད་ངང་རྒྱ་ནག་གིས་ཡུ་གུར་མི་རིགས་རྩ་མེད་བཟོ་བ་དང་། ཧོང་ཀོང་གི་མང་གཙོ་རྡོག་རོལ་གཏོང་བ་ལ་སོགས་པའི་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད། 

དེ་བཞིན་རྒྱ་ནག་གིས་ཀྱང་ཨ་རི་ལ་“རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་”བྱེད་མཚམས་འཇོག་དགོས་པ་དང་། ཨ་རིས་རྒྱ་ནག་དམར་ཤོག་ཚོགས་པའི་མཚན་སྙན་ལ་གནོད་སྐྱོན་གཏོང་ཐབས་བྱེད་བཞིན་པ། རྒྱ་ནག་གི་ཡར་རྒྱས་བཀག་འགོག་གི་ལས་གཞི་རྩོམ་བཞིན་པ་ལ་སོགས་པའི་ཉེས་འཛུགས་འདྲ་མིན་བྱེད་ཀྱིན་ཡོད་པ་མ་ཟད། བདུན་ཕྲག་འདིའི་ནང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་ཨ་རིའི་དམག་དཔུང་ཨབ་གྷ་ནི་སི་ཐན་ནས་ཕྱིར་འཐེན་བྱས་པར་སྐྱོན་བརྗོད་དང་། ཨ་རིས་“ཨབ་གྷ་ནི་སི་ཐན་གྱི་མི་མང་ལ་གནོད་སྐྱོན་ཚབས་ཆེན་”བཏང་ཡོད་པའི་ཉེས་འཛུགས་ཀྱང་བྱས་ཡོད་འདུག 

ཐེངས་འདིའི་གྲོས་མོལ་གྱི་སྤྱི་ཡོངས་ཀྱི་དམིགས་ཡུལ་དེ། “ཨ་རྒྱ་གཉིས་ཀྱི་གནད་དོན་རྣམས་བརྟན་ལྷིང་”ཡོང་ཐབས་ཡིན་པའི་འགྲེལ་བརྗོད་བྱས་ཡོད་འདུག་རུང་། བྷ་ཌན་སྲིད་གཞུང་གིས་ཨ་རྒྱའི་འགྲན་རྩོད་དེ་“མང་གཙོ་དང་སྒེར་གཅོད་”བར་གྱི་འཐབ་རྩོད་ཅིག་ཡིན་པའི་སྲིད་ཇུས་ཀྱི་སྒྲོམ་གཞི་འཛིན་བཞིན་ཡོད་སྟབས། དངོས་སུ་དེ་ལྟར་ཡོང་རྒྱུ་ཅུང་ཁག་པོ་ཆགས་ཀྱི་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།