བྷང་ལ་དྷེ་ཤེའི་ནང་ངོ་རྒོལ་དྲག་པོ་བྱུང་སྟེ་སྲིད་བློན་ཡུལ་གཞན་དུ་བྲོས་བྱོལ་འགྲོ་དགོས་བྱུང་འདུག

པར། ཧིན་དུ་གསར་ཁང་།

ཟླ་འདིའི་ཚེས་༥ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། བྷང་ལ་དྷེ་ཤེ་ནང་ངོ་རྒོལ་དང་དྲག་པོའི་གདོང་ཐུག་བྱུང་ནས་མི་གྲངས་བརྒྱ་ཙམ་གྱི་ཚེ་སྲོག་ཤོར་ཞིང་། ཡུལ་དེའི་སྲིད་བློན་ཡང་རྒྱལ་ཁབ་གཞན་ལ་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་འདུག

ཟླ་འདིའི་ཚེས་༤ ་ཉིན་བྷང་ལ་དྷེ་ཤེའི་ནང་གཞུང་འཛིན་ཆབ་སྲིད་ཚོགས་པ་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་བའི་སྐབས། ངོ་རྒོལ་བ་དང་ཉེན་རྟོག་པའི་བར་དང་། ངོ་རྒོལ་བ་ཚོ་དང་གཞུང་འཛིན་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་བར་དྲག་པོའི་གདོང་ཐུག་བྱུང་ནས་ད་བར་ཉེན་རྟོག་པ་༡༤ གཙོས་པའི་མི་གྲངས་༡༠༠ ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་མ་ཟད། ལོ་འདིའི་ཟླ་༧ ་ནས་ངོ་རྒོལ་རིམ་པ་བྱུང་བའི་ཁྲོད་ད་བར་མི་གྲངས་༣༠༠ ་ལྷག་གི་ཚེ་སྲོག་ཤོར་ཡོད་འདུག

ཐེངས་འདིའི་ངོ་རྒོལ་ནང་མཉམ་ཞུགས་བྱེད་མཁན་མང་ཆེ་བ་ནི་སློབ་མ་ཡིན་ཞིང་། ཁོང་ཚོས་ཡུལ་དེའི་སྲིད་བློན་(Sheikh Hasina) ་ལས་གནས་ནས་དགོངས་པ་ཞུ་དགོས་པའི་ངོ་རྒོལ་བྱས་ཡོད་པ་དང་། སྲིད་བློན་གྱིས་ངོ་རྒོལ་བ་ཚོ་ལ་དྲག་སྤྱོད་པ་ཞེས་བརྗོད་ཅིང་། ཁ་པར་གྱི་དྲ་རྒྱ་ཡང་བཀག་སྡོམ་བྱས་ཡོད་འདུག ཡུལ་དེའི་དམག་དཔུང་གིས་དུས་ཚོད་ངེས་མེད་ཀྱི་རིང་ཐེམ་སྤང་བཀའ་རྒྱ་གསར་པ་ཞིག་ལག་བསྟར་བྱེད་རྒྱུའི་གསལ་བསྒྲགས་སྤེལ་ཡོད་འདུག

དེ་རིང་རེས་གཟའ་ཟླ་བའི་ཉིན་ཡུལ་དེའི་སྲིད་བློན་གྱིས་ལས་གནས་ནས་དགོངས་པ་ཞུས་ཏེ། ཉིན་གུང་ཆུ་ཚོད་༢།༣༠ ཙམ་ལ་ཁོང་དང་ཁོང་གི་ཨ་ཅག་གཉིས་དམག་གི་ཐད་འཕུར་གནམ་གྲུ་ལ་བསྡད་ནས་ནུབ་བྷན་གྷལ་(West Bengal) ཕྱོགས་སུ་འཕུར་ཡོད་པར་བརྗོད་འདུག གསར་འགྱུར་བརྒྱུད་ལམ་ཁ་ཤས་ནང་ཁོང་གཉིས་རྒྱ་གར་ལ་བྲོས་བྱོལ་དུ་ཕྱིན་ཡོད་པར་བཀོད་འདུག

བྷང་ལ་དྷེ་ཤེའི་སྲིད་བློན་གྱི་བུ་(Sajeeb Wazed Joy) ་ཡིས་རྒྱལ་ཁབ་ཀྱི་བདེ་འཇགས་དམག་དཔུང་ལ། ཁྱེད་ཚོའི་ལས་འགན་ནི་རྩ་ཁྲིམས་སྲུང་སྐྱོབ་བྱས་ནས་མི་དམངས་དང་རྒྱལ་ཁབ་བདེ་འཇགས་སོར་གནས་འཇོག་རྒྱུ་དེ་རེད་ཅེས་བརྗོད་ནས་དབང་ཤུགས་ཀྱིས་སྲིད་དབང་འཛིན་རྒྱུར་བཀག་འགོག་བྱེད་དགོས་པའི་སྐུལ་མ་དང་། འོས་འདེམས་མ་བྱས་པའི་སྲིད་གཞུང་ཞིག་གིས་དབང་ཆ་བཙན་འཕྲོག་བྱས་ན། དེས་རྒྱལ་ཁབ་ཀྱི་མདུན་སྐྱོད་ལ་གནོད་སྐྱོན་གཏོང་ངེས་ཡིན་པའི་ཉེན་བརྡ་ཡང་བཏང་ཡོད་འདུག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་(Volker Turk) ་ཡིས་བྷང་ལ་དྷེ་ཤིའི་ནང་གི་ཧ་ལས་དགོས་པའི་དྲག་སྤྱོད་ལ་སྐྱོན་བརྗོད་དང་། དེ་ཉིད་འཕྲལ་དུ་མཚམས་འཇོག་བྱེད་དགོས་ཞེས་བརྗོད་འདུག བྷང་ལ་དྷེ་ཤེའི་དམག་སྤྱི་Waker-uz-Zaman ་ཡིས་ཆབ་སྲིད་ཚོགས་པ་ཚང་མ་ཡོད་པའི་ཐོག་གྲོས་བསྡུར་བྱས་ནས་བར་གནས་གཞུང་ཞིག་འཛུགས་རྒྱུའི་ཐག་བཅད་ཡོད་པ་དང་། ཁོང་ཚོས་སྲིད་འཛིན་དང་བཀའ་མོལ་གནང་ནས་གནད་དོན་སེལ་རྒྱུ་ཡིན་ཞེས་བརྗོད་འདུག གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། བྷང་ལ་དྷེ་ཤེའི་སྲིད་བློན་ཡུལ་ནས་བྲོས་བྱོལ་དུ་མ་ཕྱིན་སྔོན་གཏམ་བཤད་ཅིག་སྒྲ་འཇུག་བྱས་ནས་སྤེལ་འཆར་ཡོད་ན་ཡང་། གོ་སྐབས་དེ་བྱུང་མེད་པ་རེད་འདུག

བྷང་ལ་དྷེ་ཤེའི་ནང་གི་དྲག་པོའི་གདོང་ཐུག་བྱུང་བའི་གནད་དོན་དེ་ནི་སློབ་ཕྲུག་ཚོས་མི་དམངས་ཞབས་ཞུའི་ཐོབ་སྐལ་ལམ་ལུགས་ལ་བཅོས་སྒྱུར་དགོས་པའི་དགོས་འདུན་བཏོན་པ་ནས་འགོ་བཙུགས་ཡོད་འདུག སློབ་ཕྲུག་ཚོས་ཐོབ་སྐལ་ལམ་ལུགས་དེས་གཞུང་འཛིན་ཚོགས་པའི་རྒྱབ་སྐྱོར་བ་ཚོར་དྲང་བདེན་མིན་པའི་ཁེ་ཕན་ཐོབ་ཀྱི་ཡོད་པར་བརྗོད་འདུག གཞུང་འཛིན་ཚོགས་པས་སློབ་གྲྭ་དང་གཙུག་ལག་སློབ་གཉེར་ཁང་སོགས་སྒོ་བརྒྱབས་ནས་གནས་ཚུལ་ཞི་ལྷོད་དུ་གཏོང་ཐབས་བྱས་ཀྱང་། ངོ་རྒོལ་བ་ཚོས་གཞུང་འཛིན་ཚོགས་པས་སོ་སོ་དང་བསམ་ཚུལ་མི་མཐུན་མཁན་ཚོ་ལ་མནར་གཅོད་གཏོང་སྟངས་དང་སློབ་གྲྭ་སྒོ་བརྒྱབས་པ་སོགས་ཀྱི་བྱེད་སྟངས་ནི་སྒེར་གཅོད་པའི་བྱེད་སྟངས་རེད་ཅེས་སྐྱོན་བརྗོད་ཀྱིས་རྒྱལ་ཁབ་ནང་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་རུ་ཕྱིན་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།