བྷི་ཧཱར་མངའ་སྡེའི་ནཱ་ལནྡྲའི་མཐོ་སློབ་ཏུ་གུ་རུ་རིན་པོ་ཆེའི་སྐུ་ཚེ་དང་མཛད་འཕྲིན་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་འཚོགས།
ཟླ་འདིའི་ཚེས་༢༩ ་ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་མངའ་སྡེ་བྷི་ཧཱར་དུ་གུ་རུ་རིན་པོ་ཆེའི་སྐུ་ཚེ་དང་ཁོང་གི་ཤུལ་བཞག་གསོན་པོ་ཉུལ་བ་ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཐེངས་དང་པོ་དེ་ཚོགས་ཏེ་པྰ་ལི་དང་ཧིན་དཱུའི་ཚིག་མཛོད་གཅིག་ཀྱང་དབུ་འབྱེད་གནང་འདུག
ཟླ་འདིའི་ཚེས་༢༨ ་ཉིན་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དང་ནཱ་ལནྡྲ་མཐོ་སློབ་གསར་པ་(Nava Nalanda Mahavihara) ་གཉིས་ཀྱི་གོ་སྒྲིག་འོག་གཙུག་ལག་ཁང་དེར་གུ་རུ་རིན་པོ་ཆེའི་སྐུ་ཚེ་དང་ཁོང་གི་ཤུལ་བཞག་གསོན་པོ་ཉུལ་བ་ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཐེངས་དང་པོ་དེ་་ཉིན་གཉིས་རིང་ཚོགས་ཡོད་འདུག
ཚོགས་འདུ་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་(Rajendra Vishwanath) ་དང་། དམིགས་བསལ་སྐུ་མགྲོན་དུ་བལ་ཡུལ་ལུམ་བི་ནི་ཡར་རྒྱས་ཐེབས་རྩ་ཚོགས་པའི་ཚོགས་གཙོ་གཞོན་པ་མཁན་པོ་འཆི་མེད་དང་། འབྲུག་རྒྱལ་ཡོངས་དགོན་སྡེ་ལྷན་ཚོགས་ཀྱི་དྲུང་ཆེ་སློབ་དཔོན་ཨུ་རྒྱན་རྣམ་རྒྱལ། གཞན་ཡང་ཨོ་རི་ས་ནས་གདུང་སྲས་འཇིགས་མེད་རིན་པོ་ཆེ་དང་། ལ་དྭགས་ནས་དཔལ་དགའ་རིན་པོ་ཆེ། དེ་བཞིན་འཕགས་པ་ཐེབས་རྩ་ཚོགས་པའི་འགན་འཛིན་རིང་པ་དཔོན་ཚང་བསྟན་འཛིན་ཆོས་འཕགས་སོགས་འཛམ་གླིང་ཁྱོན་ཡོངས་ནས་དགེ་འདུན་པ་དང་མཁས་དབང་སོགས་ཚོགས་བཅར་ཞུས་ཡོད་འདུག
སྐབས་དེར་སྐུ་མགྲོན་གཙོ་བོ་བྷི་ཧཱར་མངའ་སྡེའི་(Governor) ་སྤྱི་ཁྱབ་(Arlekar) ་ཡིས་གུ་རུ་རིན་པོ་ཆེས་སངས་རྒྱས་ཀྱི་བསྟན་པ་འཛམ་གླིང་ཡོངས་སུ་སྤེལ་བའི་མཛད་པ་རླབས་ཆེན་བསྐྱངས་ཡོད་པ་དང་། གུ་རུ་རིན་པོ་ཆེའི་གསུང་རྣམས་མ་འོངས་པའི་མི་རབས་གསར་པ་ཚོར་བརྒྱུད་སྤྲོད་བྱེད་རྒྱུ་དང་འཚེ་མེད་ཞི་བ་དང་ཞི་བདེ་སྤེལ་རྒྱུ་གལ་ཆེན་ཡིན་པ་ནན་བཤད་བྱས་ཡོད་འདུག
དེ་བཞིན་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་འགན་འཛིན་ཨ་བྷི་ཇི་ཏ་ཧལ་དར་(Abhijit Haldar) གྱིས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་དུས་དེར་འགྲོ་བ་མིའི་སེམས་ཀྱི་རང་བཞིན་ཤེས་རྟོགས་ཆེད་འབད་བརྩོན་དང་ང་ཚོ་སུ་ཡིན་པ་ཤེས་ཐབས་གནང་ཡོད་པ་དང་། ཁོང་ནི་རྡོ་རྗེ་ཐེག་པ་དང་གསང་སྔགས་ཀྱི་མཁས་པ་ཞིག་རེད་ཅེས་གསུང་བཤད་གནང་ཡོད་འདུག
གཞན་ཡང་འབྲུག་རྒྱལ་ཡོངས་དགོན་སྡེ་ལྷན་ཚོགས་ཀྱི་དྲུང་ཆེ་སློབ་དཔོན་ཨུ་རྒྱན་རྣམ་རྒྱལ་གྱིས། གུ་རུ་རིན་པོ་ཆེ་ནི་གསང་སྔགས་ཀྱི་མཁས་དབང་ཞིག་དང་ཁོང་གིས་འབྲུག་ཡུལ་དུ་ཆོས་ལུགས་ཀྱི་ལྟ་བ་དང་བསམ་བློ་ཕྱུག་ཏུ་བཏང་ཡོད་པ། ཁོང་གི་བསྟན་པའི་བརྒྱུད་ནས་འབྲུག་ཡུལ་གྱི་རིག་གཞུང་གི་རྨང་གཞི་བརྟན་པོ་ཚུགས་ཡོད་པ་རེད་ཅེས་གསུངས་འདུག
ཚོགས་འདུ་ཉིན་གྲངས་གཉིས་རིང་། ཚོགས་བཅར་བ་ཚོས་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་ཐར་དང་ཁོང་གི་གསུང་། ཧི་མ་ལ་ཡའི་རི་རྒྱུད་བརྒལ་བའི་འགྲུལ་བཞུད་ཀྱི་ཤུགས་རྐྱེན། ད་ལྟའི་དུས་དང་འབྲེལ་བ་སོགས་ཀྱི་སྐོར་བཀའ་བསྡུར་གནང་ཡོད་པ་མ་ཟད། ཚོགས་འདུ་དབུ་འབྱེད་ཀྱི་ཉིན་སྐུ་མགྲོན་གཙོ་བོས་པྰ་ལི་དང་ཧིན་དཱུའི་ཚིག་མཛོད་པོད་ལྔ་པ་དང་དྲུག་པ་བཅས་དབུ་འབྱེད་གནང་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།