མགོ་སྐོར་གྱི་ཕེབས་སྐྱེལ་གསོལ་སྟོན།

ཉེ་ཆར་ཕྱི་ཚེས་༡༣ དགོང་མོ་བོད་ཀྱི་ཟློས་གར་དུ་“དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་ཕེབས་སྐྱེལ་དང་བཀའ་ཤག་སྐབས་བཅུ་དྲུག་པའི་བཀའ་བློན་རྣམ་པ་ཕེབས་བསུའི་གསོལ་སྟོན་”ཟེར་བ་ཞིག་འཚོགས་ཡོད་པ་དང་།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༧༠ ཕྱི་ལོ་ ༢༠༢༡/༡༡/༢༤

ཉེ་ཆར་ཕྱི་ཚེས་༡༣ དགོང་མོ་བོད་ཀྱི་ཟློས་གར་དུ་“དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་ཕེབས་སྐྱེལ་དང་བཀའ་ཤག་སྐབས་བཅུ་དྲུག་པའི་བཀའ་བློན་རྣམ་པ་ཕེབས་བསུའི་གསོལ་སྟོན་”ཟེར་བ་ཞིག་འཚོགས་ཡོད་པ་དང་། མགྲོན་ཤོག་ནང་“བོད་ཀྱི་ཟློས་གར་ཚོགས་ཁང་དུ་གསར་ཕེབས་བཀའ་བློན་རྣམ་པ་དང་ས་གནས་འགོ་འཛིན་རྣམ་པ། དེ་བཞིན་སྤྱི་མཐུན་མཉམ་འབྲེལ་དང་མཉམ་འབྲེལ་ཚོགས་གཙོ་དང་དྲུང་ཆེ་བཅས་ལ་གཞས་སྣ་འཁྲབ་སྟོན་དང་དེའི་རྗེས་གསོལ་ཚིགས་འདེགས་འབུལ་ཞུ་རྒྱུ་ལགས་ན།”ཞེས་བྲིས་ཡོད་པས། དོན་དུ་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དྭགས་པོ་བསོད་ནམས་ནོར་བུ་ཕེབས་སྐྱེལ་གྱི་མཛད་སྒོ་ཡིན་པ་སྐབས་དེར་ཕེབས་པའི་ས་གནས་འགོ་འཛིན་རྣམ་པ་དང་། མཉམ་འབྲེལ་ཚོགས་གཙོ་རྣམ་པ། ད་དུང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་བཅས་ཀྱིས་ཤེས་རྟོགས་བྱུང་ཡོད་མི་འདུག་ལ། ཐ་ན་དམ་འབུལ་ཟིན་པ་མ་ཐག་པའི་བཀའ་བློན་གསུམ་གྱིས་ཀྱང་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དྭགས་པོ་བསོད་ནམས་ནོར་བུ་ཕེབས་སྐྱེལ་གྱི་མཛད་སྒོ་ཡིན་པ་ཤེས་ཡོད་ཚོད་མི་འདུག

གཡོ་སྒྱུ་དང་མགོ་སྐོར་གྱི་ཕེབས་སྐྱེལ་གསོལ་སྟོན་འདི་ཉིད་སྔར་སྲོལ་ཞིག་གཏན་ནས་མིན་པ་དང་། ད་ལན་འདི་ལྟ་བུ་ཞིག་གོ་སྒྲིག་དགོས་པ་དེ་ཉེ་ཆར་སྤྱི་ཚོགས་ནང་རྩོད་རྙོག་མང་དག་ཅིག་བྱུང་བས། ཁྲིམས་ཞིབ་པ་དེ་དག་གི་རྒྱབ་ཏུ་སྲིད་སྐྱོང་དང་བཀའ་ཤག་ཡོད་ཅེས་པའི་བརྡ་གཏོང་གི་ཡོད་པ་དང་། ཕྱོགས་གཅིག་ནས་ཁ་མཆུ་ཨང་ ༢༠ པ་དང་འབྲེལ་བའི་ཐག་གཅོད་གནང་སྟངས་ལ་ཁྲིམས་ཞིབ་པ་འབྲེལ་ཡོད་འབྲེལ་ཐོགས་རྣམས་ལ་ཐུགས་རྗེ་ལེགས་འབུལ་ལམ། བཀའ་དྲིན་རྗེས་དྲན་གྱི་ཆ་ཤས་ཤིག་གཞུང་འབྲེལ་གྱི་ཞུས་པ་ཞིག་རེད། སྐབས་དེའི་མཛད་སྒོར་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ཕེབས་སྐྱེལ་གྱི་མཛད་སྒོ་ཡིན་པ་གསལ་སྟོན་བྱས་ཡོད་ན། ས་གནས་འགོ་འཛིན་དང་། མཉམ་འབྲེལ་ཚོགས་གཙོ་སོགས་ཀྱི་ནང་བཅར་འདོད་མེད་མཁན་ཡོད་པའི་དོགས་པ་ལ་བརྟེན་ནས་ཡིན་ཞིང་། ད་ལན་ས་གནས་འགོ་འཛིན་གྱི་ཚོགས་འདུ་དང་། མཉམ་འབྲེལ་གྱི་ཚོགས་འདུའི་དུས་ཚོད་དེ་ཡང་། ཏག་ཏག་ཁྲིམས་ཞིབ་པ་ཆེ་བ་ལས་མཚམས་བཞག་པའི་སྐབས་དང་གཏུགས་ནས་གཏན་འབེབས་བྱས་པ་ཞིག་རེད་འདུག 

སྤྱིར་ཁྲིམས་ཞིབ་པ་སོགས་གཞུང་གི་མཛད་གཙོ་ཞིག་ཟུར་པ་ཆགས་སྐབས་ཕེབས་སྐྱེལ་གསོལ་སྟོན་གོ་སྒྲིག་གནང་བ་ནི་ཧང་སང་དགོས་པ་ཞིག་མིན་ནའང་། སྤྱི་ཚོགས་ནང་རྩོད་རྙོག་དང་ཚོར་བ་ཧ་ཅང་རྣོ་བའི་སྐབས་ཤིག་ཏུ་ཕྱོགས་ཅིག་ལ་ཆེད་དུ་ཁྱད་གསོད་ཀྱི་རྣམ་པ་ཞིག་དང་། ཤོག་ཁག་དཔུང་སྒྲིག་གི་རྣམ་པ་ཞིག་ལས་ད་ལྟའི་སྐབས་འདིར་ཕན་ཐོགས་པ་ཞིག་གང་ཡང་མེད། ད་དུང་མགྲོན་བརྡ་རྫུན་མ་བཏང་བ་འདི་ནི་སྲིད་སྐྱོང་གིས་ཕྱི་གསལ་ནང་གསལ་ཞེས་པ་དང་ཡོངས་སུ་འགལ་ཡོད་པ་དང་། བྱེད་ཐབས་འདི་ནི་ནུས་པ་མཉམ་སྤུངས་ཞེས་པ་དང་ཡང་ཏག་ཏག་རྒྱབ་འགལ་དུ་གྱུར་ཡོད། མུ་མཐུད་ལོ་བཞི་དང་ཕྱེད་ཙམ་གྱི་རིང་འདི་ལྟ་བུའི་ལམ་དུ་ཕྱིན་པ་ཡིན་ན་མང་གཙོའི་ཀ་བ་གསུམ་ཕན་ཚུན་དང་། སྒྲིག་འཛུགས་དང་མི་མང་གི་བར་ཡིད་ཆེས་ཀྱི་གཞི་རྩ་ཞིག་གཏན་ནས་སླེབས་མི་ཐུབ་ཅིང་། ད་ལྟ་ཡོད་བཞིན་པའི་ཤོག་ཁག་གི་རྣམ་པ་འདི་ཡང་ཆེ་ནས་ཆེ་རུ་འགྲོ་རྒྱུ་ཉག་གཅིག་ལས། “སྤྱི་སྙོམས་དྲང་བདེན་དང་། ནུས་པ་མཉམ་སྤུངས། གོམ་པ་མདུན་སྤོ་”ཟེར་བ་ཁ་གཡང་ཙམ་དུ་འགྱུར་ངེས་རེད།

དོན་དངོས་སུ་བཀའ་ཤག་གིས་སྤྱི་སྙོམས་དྲང་བདེན་གྱི་ཐོག་ནས་ཕེབས་སྐྱེལ་གསོལ་སྟོན་གྱི་མཛད་སྒོ་ཞིག་གོ་སྒྲིག་དགོས་ན། སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་དང་། བཀའ་ཟུར་རྣམས་ཀྱི་ཆེད་དུ་ཡིན་དགོས་པ་དེ་ད་བར་སྒྲིག་འཛུགས་ཀྱི་འགྲོ་སྟངས་ཡིན་ནའང་། ཕེབས་སྐྱེལ་གསོལ་སྟོན་ལྟ་ཅི་སྲིད་ཟུར་མཉམ་དུ་ཡོད་པ་ཐོས་ན་རྒྱལ་སྤྱིའི་བོད་དོན་ཆབ་སྲིད་ཀྱི་སྡིངས་ཆ་གལ་ཆེན་པོ་Forum 2000 ཞེས། ཆེག་སྤྱི་མཐུན་རྒྱལ་ཁབ་ཏུ་ཉེ་ཆར་འཚོགས་ཡོད་པ་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མགྲོན་འབོད་ཞུས་ཀྱང་། སྲིད་ཟུར་བློ་བཟང་སེང་གེ་ཚོགས་འདུ་དེར་ཕེབས་གཏན་ཁེལ་བ་ཙམ་གྱིས་ཕེབས་མེད་པ་ནི། ནུས་པ་མཉམ་སྤུངས་ཞེས་པ་ནེ་ཚོས་མ་ཎི་བཏོན་པ་དང་གཅིག་མཚུངས་སུ་གྱུར་ཡོད། མུ་མཐུད་བྱེད་སྟངས་འདི་དང་ཁ་ཕྱོགས་འདི་བརྒྱུད་ནས་འགྲོ་ངེས་ཡིན་འདུག་པ་དང་། དེའི་རྒྱབ་ཏུ་ནུས་ཤུགས་ཡོད་པའི་ཕྱི་ནང་གི་མི་སྣ་མང་པོ་ཞིག་ཀྱང་འཆར་གཞི་ཡོད་པའི་ཐོག་ནས་ས་འོག་དར་ཐག་གི་ཚུལ་དུ་ཡོད་ཚོད་འདུག་པས། གང་ལྟར་ག་འདྲ་ཞིག་ཡོང་གི་ཡོད་མེད་སྒུག་རྒྱུ་ལས་བཟློག་པའི་ཐབས་ལམ་ཞིག་ཁག་པོར་གྱུར་ཡོད།

མདོར་ན་དགྲ་བོ་རྒྱ་དམར་ལ་བཟོད་སྒོམ་དང་གུ་ཡངས་གཏོང་ཐུབ་པའི་བློ་སྤོབས་ཅན་དག་གིས། བོད་པ་ནང་ཁུལ་དུ་བཟོད་སྒོམ་གཏན་ནས་བྱེད་མི་ཐུབ་པ་མ་ཟད། འཁོན་ལན་སློག་རྒྱུ་ཁོ་ན་ལས་མི་ཤེས་པ་ནི་ཕྱོགས་གང་ནས་བལྟས་ཀྱང་བསམ་ཤེས་ཐུབ་པ་ཞིག་གཏན་ནས་མ་རེད། མི་ཙམ་དུ་མ་ཟད་ལས་དོན་གྱི་ཐོག་ནས་ཀྱང་འདས་པའི་ལོ་བཅུའི་རིང་གི་ལས་དོན་མང་ཆེ་བ་ནུས་མེད་དུ་གཏོང་རྒྱུ་ཁོ་ནར་འབད་བཞིན་པ་ལྟ་བུ་འདུག་ལ། འདས་པའི་ལོ་བཅུའི་རིང་གསར་རྒྱག་བྱས་པའི་ཁང་བརྩེགས་དག་གཏོར་གྱི་ཡོད་མེད་མི་ཤེས་ཀྱང་། ལས་འཆར་གྱི་ནང་ནས་གལ་ཆེ་ཤོས་༥ དང་༥༠ དང་། གངས་ལྗོངས་དངུལ་ཁང་། སྣར་ཐང་པར་ཁང་སོགས་སྒོ་རྒྱག་རྒྱུའི་སྟ་གོན་བྱེད་བཞིན་པ་ནི། ཁོང་ཁྲོ་གཡག་ལ་ཟ། ལྕག་ཚན་ཀ་བ་ལ་གཞུས་པའི་དཔེ་དང་གཅིག་མཚུངས་སུ་གྱུར་ཡོད། ༧གོང་ས་མཆོག་དགུང་ན་མཐོན་པོར་ཕེབས་བཞིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་ཀྱང་འདི་ལྟ་བུར་གྱུར་ཡོད་པ་ནི། བོད་དོན་འཐབ་རྩོད་ལ་རྫོགས་ཚིག་འགོད་རྒྱུར་བར་ཐག་རིང་པོ་མེད་པའི་སྔ་ལྟས་མིན་པའི་སྨོན་ལམ་འདེབས།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།