བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༩༠ ཕྱི་ལོ་ ༢༠༢༢/༤ /༡༣
སྲིད་སྐྱོང་སྤེན་པ་ཚེ་རིང་སྔོན་མ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་སྐབས་དང་། དེའི་རྗེས་སུ་ཕྱི་ལོ་༢༠༡༦ ལོར་སྲིད་སྐྱོང་གི་འོས་གཞིར་བཞེངས་སྐབས་བཅས་སུ་བཀའ་མོལ་གནང་སྟངས་དང་ཕྱག་ལས་གནང་སྟངས་གང་ཐད་ནས། རྒྱུས་མངའ་ཡོད་མཁན་ཕལ་ཆེ་བས་མ་འོངས་པར་བོད་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་དང་། དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་བྱེད་མཁན་གཉིས་ཀྱི་དབར་རྩོད་རྙོག་སྔར་ལས་མང་བ་འབྱུང་རྒྱུ་ཡིན་པའི་ཚོད་དཔག་བྱས་ཡོད། འོན་ཀྱང་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་སྲིད་སྐྱོང་གི་འགན་ཁུར་ནས་མི་ལོ་གཅིག་ལ་ཉེ་བའི་སྐབས་འདིར་ཚོད་དཔག་བྱས་པ་ལྟར་མ་ཡིན་པར། ད་ལྟའི་ཆར་བཀའ་མོལ་གནང་སྟངས་ལ་བལྟས་ན་རང་བཙན་དང་དབུ་མའི་ལམ་གྱི་ལངས་ཕྱོགས་ཐོག་ནས་རྩོད་རྙོག་དམིགས་བསལ་ཞིག་ཡོང་རྒྱུའི་རྣམ་པ་མི་འདུག ལམ་ཕྱོགས་འདི་ལྟ་བུ་ཞིག་ཏུ་བསྐྱོད་མ་ཐུབ་ན་བོད་དོན་འཐབ་རྩོད་ཀྱི་འགོ་འཁྲིད་རྒྱུའི་ནུས་པ་གཏན་ནས་མེད་པས། གནས་ཚུལ་འདི་ནི་བཟང་ཕྱོགས་ཀྱི་རྣམ་པ་ཆེན་པོ་ཞིག་རེད།
གྲོས་ཚོགས་དང་སྤྱི་ཚོགས་ནང་རྩོད་རྙོག་གཏན་ནས་མེད་པ་ཞིག་མ་ཡོང་ན་བོད་ཀྱི་འཐབ་རྩོད་རྩ་བརླག་ཏུ་འགྲོ་བ་ཞིག་མིན་ལ། རང་ཉིད་ལ་ལྟ་ཚུལ་གང་ཡོད་པ་དེ་ཐད་ཀར་བརྗོད་པ་དང་། སྐབས་རེ་ལྟ་ཚུལ་མི་མཐུན་པའི་དབང་གིས་རྩོད་གླེང་བྱེད་དགོས་ཐུག་པའི་གནས་ཚུལ་ཡང་ཡོང་ངེས་རེད། སྐབས་དེ་དུས་རང་ཉིད་ཀྱི་ལངས་ཕྱོགས་དང་ལྟ་ཚུལ་ཡང་དག་པར་ངེས་ཤེས་རྙེད་པ་དེ་གཞན་ལ་ངོ་སྲུང་གི་ཆེད་འདོར་རྒྱུའི་བསམ་བློ་བཏང་ན། དེ་ནི་གུ་ཡངས་དང་བསམ་ཤེས་བྱས་པ་ཞིག་མ་ཡིན་པར་རང་ཉིད་ལངས་ཕྱོགས་གང་ཡང་མེད་མཁན་ཞིག་ཏུ་གྱུར་པ་རེད། འོན་ཀྱང་རང་ཉིད་ལ་འདོད་མོས་མེད་ཀྱང་མང་མོས་ཀྱི་ཐོག་ནས་གཏན་ཁེལ་བ་ཞིག་ལ་གུས་བརྩི་མ་ཞུས་ན། དེ་ཡང་མང་གཙོའི་ལེགས་བྱང་གིས་མ་འདང་པ་ཞིག་དང་། བསམ་ཚུལ་གང་ཞིག་ལ་མང་མོས་ཐོབ་པ་ཙམ་གྱིས་རང་ཉིད་ལ་ངེས་ཤེས་རྙེད་པའི་ལངས་ཕྱོགས་དེར་མུ་མཐུད་གཅེས་སྤྲས་བྱེད་མི་ཆོག་པ་ཞིག་ཀྱང་མིན། མང་གཙོའི་སྤྱི་ཚོགས་ནང་ལྟ་ཚུལ་མི་མཐུན་པ་དང་ལངས་ཕྱོགས་མི་མཐུན་པ་ཚང་མ་གནས་ཐུབ་པའི་རྒྱུ་མཚན་དེ་ལ་ཐུག་ཡོད།
བོད་པའི་སྤྱི་ཚོགས་ནང་རྩོད་རྙོག་གང་ཡང་མེད་པར་གནས་ཐུབ་ན་སྤྱི་ཚོགས་དེ་བཟང་ཕྱོགས་སུ་ཕྱིན་པ་ཞིག་ཏུ་ངོས་འཛིན་བྱེད་མཁན་མང་ཡང་། རྩོད་རྙོག་གང་ཡང་མེད་པ་ཙམ་གྱིས་སྤྱི་ཚོགས་དེ་བཟང་ཕྱོགས་སུ་བསྐྱོད་པ་ཡིན་པའི་ངེས་པ་གཏན་ནས་མེད། དཔེར་ན་སྤྱི་ཚོགས་ནང་བོད་དོན་འཐབ་རྩོད་དང་བོད་པའི་ཆོས་དང་རིག་གནས་འཛིན་སྐྱོང་ལ་དོ་སྣང་བྱེད་མཁན་མེད་པར་གྱུར་པའི་ཉིན་མོ་ནས། སྤྱི་ཚོགས་ནང་བོད་དོན་དང་འབྲེལ་བའི་ལངས་ཕྱོགས་མི་གཅིག་པ་དང་། དེ་ལ་བརྟེན་ནས་རྩོད་རྙོག་དེ་ཡང་རང་བཞིན་གྱིས་མེད་པར་འགྱུར་རྒྱུ་ཉག་གཅིག་ཡིན་ནའང་། དེ་ནི་བཟང་ཕྱོགས་ཀྱི་གནས་ཚུལ་ཞིག་མ་ཡིན་པར་བོད་དོན་རྩ་བརླག་ཏུ་གྱུར་པ་རེད། ད་ལྟའི་སྤྱི་ཚོགས་ནང་རྩ་དོན་འཐབ་རྩོད་དང་འབྲེལ་བའི་རྩོད་རྙོག་དང་། སྒྲིག་འཛུགས་འཛིན་སྐྱོང་དང་འབྲེལ་བའི་གནད་དོན་ཐོག་ནས་རྩོད་རྙོག་རྒྱུན་མ་ཆད་པར་ཡོད་པ་དེ་ཡང་། སྡུག་ཕྱོགས་ཁོ་ན་མ་ཡིན་པར་ཕྱོགས་གཅིག་ནས་བོད་དོན་འཐབ་རྩོད་སྤྱི་ཚོགས་ནང་གནས་ཡོད་པའི་རྟགས་མཚན་ཞིག་ཏུ་ངོས་འཛིན་བྱེད་ཆོག
འོན་ཀྱང་རྩ་དོན་འཐབ་རྩོད་དང་འབྲེལ་བ་མེད་པར། དོན་མེད་ཀྱི་རྩོད་རྙོག་མང་པོ་ཞིག་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་མུ་མཐུད་གནས་བསྡད་ན་བོད་པའི་སྤྱི་ཚོགས་རྒྱུན་གནས་ཐུབ་རྒྱུར་འགལ་རྐྱེན་དུ་འགྱུར་ངེས་པ་མ་ཟད། རྒྱ་དམར་གཞུང་ཕྱོགས་ནས་ཀྱང་དེའི་ཐོག་ལ་ནུས་པ་གང་ཡོད་འདོན་ངེས་རེད། སྐབས་རེ་བོད་པའི་སྤྱི་ཚོགས་ནང་༧གོང་ས་མཆོག་ལ་སྐུར་འདེབས་བྱེད་མཁན་རིགས་ལ་ཁ་གཏད་གཅོག་སྐབས། མི་སྒེར་སོ་སོའི་མ་འོངས་པའི་ཁེ་ཕན་ལ་དམིགས་མཁན་ཡོད་པ་དང་། མི་དེ་དག་ལ་མཚོན་ན་༧གོང་ས་མཆོག་ལ་སྐུར་འདེབས་ཞུ་མཁན་ཡོད་ན་དགའ་ཞིང་། ལྷག་པར་དུ་རང་ཉིད་དང་ལངས་ཕྱོགས་མི་གཅིག་མཁན་ཚང་མ་༧གོང་ས་མཆོག་ལ་སྐུར་འདེབས་བྱེད་མཁན་དུ་སྒྱུར་རྒྱུའི་ཐབས་ཤེས་གང་ཡོད་བྱེད་མཁན་ཡོད་པ་ནི། བོད་དོན་འཐབ་རྩོད་ལ་སེམས་ཤུགས་ཆེ་དྲགས་པ་དང་། ༧གོང་ས་མཆོག་ལ་དད་གུས་ཆེ་དྲགས་ནས་མ་ཡིན་པར། ༧གོང་ས་མཆོག་ལག་ཆར་བེད་སྤྱད་ནས་རང་ཉིད་ལ་གོ་སྐབས་སམ་སྡིངས་ཆ་ཞིག་འཐོབ་རྒྱུའི་ངན་བྱུས་ཁོ་ནར་གྱུར་ཡོད།
མདོར་ན་མང་གཙོའི་སྤྱི་ཚོགས་ནང་མང་གཙོ་དང་མཐུན་པ་ཞིག་ཏུ་བསྐྱོད་དགོས་པ་དང་། བཙན་བྱོལ་བོད་མི་རྣམས་ཀྱིས་མང་གཙོའི་ལམ་ལུགས་ལ་རྒྱབ་བཤིགས་བརྒྱབ་པ་ལྟ་བུའི་གནས་ཚུལ་ཞིག་བྱུང་ན་༧གོང་ས་མཆོག་གིས་ཐུགས་རེ་ཆེན་པོ་གནང་ནས་མང་གཙོ་གསོལ་སྩལ་མཛད་པའི་དགོངས་དོན་ཡང་མ་འགྲུབ་པ་མ་ཟད། མང་གཙོ་དང་མི་མཐུན་པའི་ལས་དོན་བྱེད་མཁན་མི་སྒེར་རེ་ཟུང་ཡིན་ཡང་། སྤྱི་ཚོགས་གཞན་དང་མི་རིགས་གཞན་གྱི་སྣང་ངོར་སྐྱོན་ཆ་དེ་དག་ཚང་མ་༧གོང་ས་མཆོག་དང་འབྲེལ་བ་འདོགས་མི་སྲིད་པ་ཞིག་རེད་མི་འདུག་པས། འཛམ་བུའི་གླིང་གི་མང་གཙོའི་འགྲོ་སྟངས་དང་། བོད་པའི་སྤྱི་དོན། ༧གོང་ས་མཆོག་གི་མཛད་འཕྲིན་སོགས་གང་ཐད་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བསམ་ཚུལ་མི་མཐུན་པ་གང་ཡོད་པ་དེ་དག་འབུར་འཇོམས་བྱ་རྒྱུ་དེ་གཙོ་བོ་མ་ཡིན་པར། རྒྱ་མཚོ་ཆེན་པོའི་ནང་སྲོག་ཆགས་དང་སྐྱེ་དངོས་འདྲ་མིན་སྣ་ཚོགས་གནས་ཐུབ་པ་བཞིན་མང་གཙོའི་སྤྱི་ཚོགས་ནང་བསམ་ཚུལ་མི་མཐུན་པ་ཚང་མ་གནས་ཐུབ་པའི་ཐབས་ལམ་ཡོད།།