མང་གཙོ་ཚོགས་པས་ཨ་རིའི་སྲིད་འཛིན་གྱི་དམག་དོན་དབང་ཚད་ཆུང་དུ་གཏོང་ཐབས་བྱེད་བཞིན་འདུག
ཨ་རིའི་སྲིད་འཛིན་ཊོམ་གྱིས་ཉེ་ཆར་ཨི་རན་གྱི་དམག་དཔོན་ཞིག་ལ་གནམ་ཐོག་ནས་དྲག་རྒོལ་བྱས་ཏེ་བསད་རྗེས། ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཛ་དྲག་ཆགས་ཡོད་པས། མང་གཙོ་ཚོགས་པའི་སྟངས་འཛིན་འོག་ཡོད་པའི་གྲོས་ཚོགས་འོག་མས། སྲིད་འཛིན་གྱི་དམག་དོན་དབང་ཚད་ཆུང་དུ་གཏོང་རྒྱུའི་གྲོས་འཆར་གཉིས་ལ་མང་མོས་རྒྱབ་སྐྱོར་བྱས་འདུག
ཨ་རིའི་སྲིད་འཛིན་ཊོམ་གྱིས་ཉེ་ཆར་ཨི་རན་གྱི་དམག་དཔོན་ཞིག་ལ་གནམ་ཐོག་ནས་དྲག་རྒོལ་བྱས་ཏེ་བསད་རྗེས། ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཛ་དྲག་ཆགས་ཡོད་པས། མང་གཙོ་ཚོགས་པའི་སྟངས་འཛིན་འོག་ཡོད་པའི་གྲོས་ཚོགས་འོག་མས། སྲིད་འཛིན་གྱི་དམག་དོན་དབང་ཚད་ཆུང་དུ་གཏོང་རྒྱུའི་གྲོས་འཆར་གཉིས་ལ་མང་མོས་རྒྱབ་སྐྱོར་བྱས་འདུག
ཟླ་༡ པོའི་ཚེས་༣༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་གྲོས་ཚོགས་གོང་མའི་ནང་སྲིད་འཛིན་ཊོམ་ལ་ཁྲིམས་ཞིབ་འགྲོ་བཞིན་ཡོད་པའི་སྐབས་དེར། ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་ཕྱི་ལོ་༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ཀྱིས་ཨི་རག་ནང་དམག་རྒྱག་རྒྱུར་རྒྱབ་སྐྱོར་ཆོག་མཆན་སྤྲད་པའི་གྲོས་ཆོད་དེ་ནུས་མེད་བཟོ་རྒྱུའི་གྲོས་འཆར་ལ། གྲོས་ཚོགས་འཐུས་མི་༢༣༦ གིས་རྒྱབ་སྐྱོར་དང་གྲོས་ཚོགས་འཐུས་མི་༡༦༦ གིས་དགག་བྱ་བྱས་ཏེ་མང་མོས་རྒྱབ་སྐྱོར་ཐོབ་འདུག དེ་བཞིན་ཨི་རན་ལ་དམག་དོན་བྱ་སྤྱོད་མ་སྤེལ་ཆེད་དུ་གཞུང་གི་དངུལ་བེད་སྤྱོད་གཏོང་བར་གྲོས་ཚོགས་ཀྱི་མོས་མཐུན་ཐོབ་དགོས་ཀྱི་ཡོད་པའི་གྲོས་འཆར་དེར། གྲོས་ཚོགས་འཐུས་མི་༢༢༨ ཀྱིས་རྒྱབ་སྐྱོར་དང་༡༧༥ ཡིས་དགག་བྱ་བྱས་ཏེ་མང་མོས་རྒྱབ་སྐྱོར་ཐོབ་འདུག
ཐེངས་འདིའི་གྲོས་ཆོད་དེ་གཉིས་ཀྱི་སྔོན་ལ་ཟླ་༡ པོའི་ཚེས་༩ ཉིན་གྲོས་ཚོགས་འོག་མས་སྲིད་འཛིན་ཊོམ་གྱིས་ཨི་རན་ལ་དམག་གི་བྱ་སྤྱོད་མ་སྤེལ་བའི་སྔོན་དུ། གྲོས་ཚོགས་ནས་རྒྱབ་སྐྱོར་ཐོབ་དགོས་པའི་གྲོས་ཆོད་གཅིག་བཞག་འདུག་པས། གྲོས་ཆོད་གསུམ་པོ་དེས་ཨ་རིའི་སྲིད་འཛིན་གྱིས་དམག་དོན་དབང་ཚད་ཆུང་དུ་གཏོང་ཐབས་དང་། དམག་གི་ལས་དོན་ཐད་གྲོས་ཚོགས་ཀྱི་དབང་ཚད་ཆེ་རུ་གཏོང་ཐབས་ཡིན་འདུག ད་ལྟའི་ཆར་གྲོས་ཆོད་གསུམ་པོ་དེ་གྲོས་ཚོགས་གོང་མའི་ནང་བགྲོ་གླེང་དང་འོས་ཤོག་གི་ལས་རིམ་ཕྱིན་མེད་འདུག
ཕྱི་ལོ་༢༠༠༢ ལོར་གྲོས་ཚོགས་ཀྱིས་ཨི་རག་ནང་དམག་རྒྱག་རྒྱུར་རྒྱབ་སྐྱོར་བྱས་པའི་གྲོས་ཆོད་དེ་ནུས་མེད་བཟོ་བའི་གྲོས་འཆར་འདོན་མཁན། མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་བྷར་བྷ་རཱ་ལཱི་ཡིས། ཨ་རིའི་སྲིད་དོན་ཚོགས་པ་ཆེ་ཁག་གཉིས་ཀའི་སྲིད་འཛིན་གྱིས། དུས་ཚོད་ཡོལ་ཟིན་པའི་ཕྱི་ལོ་༢༠༠༢ ལོའི་གྲོས་ཆོད་དེ་བེད་སྤྱོད་བྱས་ཏེ། རྒྱལ་ཁབ་གཞན་ནང་དམག་བརྒྱབ་ཡོད་པས། གྲོས་ཆོད་དེ་རང་དགར་བཞག་ཚེ་ཉེན་ཁ་ཆེན་པོ་ཡོད་མ་ཟད། འགན་ཁུར་མེད་པའི་བྱ་སྤྱོད་ཅིག་ཡིན་སྐོར་བརྗོད་འདུག འོན་ཀྱང་གྲོས་ཆོད་དེ་གཉིས་ལ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་སྐྱོན་བརྗོད་བྱས་འདུག་པ་དང་། ཁོང་ཚོས་བརྗོད་དོན་ལྟར་ན། སྲིད་འཛིན་ཊོམ་གྱིས་ཨ་རིའི་མི་སེར་བརྒྱ་ཕྲག་མང་པོ་གསོད་མཁན་ཨི་རན་གྱི་འཇིགས་སྐུལ་རིང་ལུགས་པ་ཞིག་མེད་པ་བཟོས་རྗེས། མང་གཙོ་ཚོགས་པས་སྲིད་འཛིན་ཊོམ་གྱིས་ཨ་རིའི་མི་སེར་སྲུང་སྐྱོབ་བྱེད་པའི་དབང་ཆ་ཚད་བཀག་བཟོས་ཡོད་པ་དང་། གྲོས་ཆོད་དེ་གཉིས་ཀྱིས་དམག་དོན་དབང་ཚད་ཀྱི་དཀའ་ངལ་སེལ་བའི་ཐབས་ལམ་འདོན་གྱི་མེད་ཁར། ཨི་རན་ལ་གདེང་ཚོད་འཕར་མ་སྤྲོད་ཀྱི་ཡོད་སྐོར་བརྗོད་འདུག
གྲོས་ཆོད་འདོན་མཁན་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་གཞན་ཞིག་གིས། གྲོས་ཆོད་དེ་གཉིས་ཀྱིས་ཨ་རིའི་སྲིད་འཛིན་ཞིག་གིས་ཨ་རིའི་ཁེ་ཕན་སྲུང་སྐྱོབ་བྱེད་པར་བཀག་འགོག་བྱེད་ཀྱི་མེད་ཀྱང་། ཨ་རིའི་གཞུང་གི་དངུལ་རྣམས་དམག་དོན་ཆེད་དུ་བེད་སྤྱོད་མ་བཏང་བའི་སྔོན་དུ་གྲོས་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་དགོས་པ་བཟོས་པ་དང་། དེ་བཞིན་གྲོས་ཆོད་དེ་གཉིས་ཀྱིས་ཨ་རིའི་སྲིད་འཛིན་སུ་འདྲ་ཞིག་ཡིན་ཡང་། དམག་དོན་བྱ་སྤྱོད་མ་སྤེལ་བའི་སྔོན་དུ་གྲོས་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་དགོས་པའི་བརྡ་ལན་གསལ་པོ་སྤྲོད་རྒྱུ་དང་། དམག་རྒྱག་རྒྱུ་དེ་ནི་ག་དུས་ཡིན་ཡང་ཐབས་ལམ་མཐའ་མར་འཇོག་དགོས་པ་ཡིན་སྐོར་བརྗོད་འདུག
དེ་སྔོན་ཕྱི་ལོ་༢༠༡༥ ལོར་ཨི་རན་རྒྱལ་ཁབ་ཀྱིས་རྡུལ་མཚོན་བཟོ་སྐྲུན་ལས་གཞི་མཚམས་འཇོག་ཡོང་ཆེད་དང་། དཀྱིལ་ཤར་ཡུལ་གྲུའི་ནང་མཚོན་ཆ་མཁོ་སྒྲུབ་ཀྱི་འགྲན་སྡུར་དང་དམག་འཁྲུག་གི་ཉེན་ཚབས་ཆུང་དུ་གཏོང་ཆེད། ཨ་རི་དང་དབྱིན་ཡུལ། ཧྥ་རན་སི། འཇར་མན། རྒྱ་ནག ཨུ་རུ་སུ་བཅས་དང་ཨི་རན་བར་གྲོས་མཐུན་ཞིག་བཞག་ནས་མིང་རྟགས་བཀོད་ཡོད་པ་དང་། དེའི་ནང་ཨི་རན་གྱིས་ལོ་༡༥ བར་རྡུལ་མཚོན་བཟོ་སྐྲུན་མཚམས་འཇོག་བྱ་རྒྱུ་དང་། རྡུལ་མཚོན་བཟོ་སྐྲུན་དགོས་མཁོ་ཆེ་བའི་གཏེར་ཁ་ཡུ་རན་ནེམ་གསོག་འཇོག་ཚད་བཀག་བཟོ་རྒྱུ་ཁས་ལེན་བྱེད་དགོས་པ་དང་། དེ་དང་བསྟུན་ནས་ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱིས་ཨི་རན་ལ་བཀལ་བའི་དཔལ་འབྱོར་ཉེས་ཆད་ཕྱིར་འཐེན་བྱ་རྒྱུ་ཁས་ལེན་བྱས་ཡོད་ཀྱང་། ཨ་རིའི་སྲིད་འཛིན་དུ་ཊོམ་སླེབས་པ་ནས་བཟུང་ཨི་རན་གྱི་རྡུལ་མཚོན་གྲོས་མཐུན་ལ་དགག་བྱ་ཆེན་པོ་བྱས་ནས་དེ་ནས་ཕྱིར་འཐེན་བྱས་ཏེ། ཨི་རན་དང་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད་པ་དང་། དེ་ལ་བརྟེན་ནས་དཀྱིལ་ཤར་ཡུལ་གྲུའི་བརྟན་བརླིང་ལ་ཡང་དོ་ཕོག་འགྲོ་བཞིན་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།