མང་གཙོ་ལ་མི་དགོས་པ་དད་པ།

ད་ལྟའི་དུས་འདི་ནི་ཆོས་ཕྱོགས་ནས་བཤད་ན་སྙིགས་མ་ལྔ་བདོ་བའི་དུས་ཡིན་པ་དང། སྤྱི་ཡོངས་ཀྱི་གནས་སྟངས་ཐོག་ནས་བལྟས་ན་རྫས་འཕྲུལ་དང་དྲ་རྒྱའི་རིག་གནས་དར་སོན་ཧ་ཅང་ཆེ་བའི་དུས་རབས་ཤིག་ཏུ་གྱུར་ཡོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༤༢  ཕྱི་ལོ་ ༢༠༡༥/༥/༡༣
ད་ལྟའི་དུས་འདི་ནི་ཆོས་ཕྱོགས་ནས་བཤད་ན་སྙིགས་མ་ལྔ་བདོ་བའི་དུས་ཡིན་པ་དང། སྤྱི་ཡོངས་ཀྱི་གནས་སྟངས་ཐོག་ནས་བལྟས་ན་རྫས་འཕྲུལ་དང་དྲ་རྒྱའི་རིག་གནས་དར་སོན་ཧ་ཅང་ཆེ་བའི་དུས་རབས་ཤིག་ཏུ་གྱུར་ཡོད། འགྲོ་བ་མིའི་རིགས་སྤྱི་དང་བྱེ་བྲག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མཚོན་ན། ཁ་ཙམ་ལས་དོན་དུ་ཆོས་ལ་དད་པ་བྱེད་མཁན་ཉུང་ནས་ཉུང་དུ་འགྲོ་བཞིན་ཡོད་པ་དང། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་སྐྱེས་ཤིང་འཚར་ལོང་བྱུང་བ་དག་གི་ངོས་ནས་བཤད་ན་ད་ལྟའི་ཆར་གྲྭ་པ་དང་བཙུན་མ་བྱེད་མཁན་ནི་ཧ་ཅང་དཀོན་པོར་གྱུར་ཡོད། སྤྱི་ཡོངས་མི་མང་གི་ངོས་ནས་བཤད་ཀྱང་ཆོས་ལ་དད་པ་བྱེད་པར་ཚེ་དབང་སོགས་དབང་ཞུ་བ་ཙམ་ལས། ཆོས་ལ་སློབ་སྦྱོང་དང་དེ་ལ་བརྟེན་ནས་ཚོགས་གསོག་སྒྲིབ་སྦྱོང་བྱེད་མཁན་ནི་ཧ་ཅང་མཐོང་དཀོན་པ་ཞིག་ཏུ་གྱུར་འདུག དེའི་ངོས་ནས་བཤད་ན་ཆབ་སྲིད་དང་བོད་པའི་བདེན་དོན་རྩོད་པ་ལ་སེམས་ཤུགས་ཆེན་པོ་མེད་དམ་སྙམ་པ་ལྟ་བུ་ཡོད་སྲིད་ཀྱང། དོན་དུ་ག་ཕྱི་ལོག་ནས་ཆབ་སྲིད་ལ་དད་པ་དག་སྣང་བྱེད་མཁན་ནི་མང་ནས་མང་དུ་འགྲོ་བཞིན་ཡོད།

བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་གནས་སྟངས་མང་གཙོའི་ལམ་དུ་བསྒྱུར་ནས་མི་ལོ་༥༥ འདས་ཀྱང། ད་དུང་མི་མང་གི་ངོས་ནས་བལྟས་ན་མང་གཙོ་ནི་གཉོམ་ལག་མ་རྒྱས་པའི་བྱིས་པ་ཞིག་དང་འདྲ་བར་རང་མགོ་རང་གིས་ཐོན་པ་ཞིག་གཏན་ནས་བྱུང་མེད། ༧གོང་ས་མཆོག་ལ་དད་པ་དང་དགའ་ཞེན་ཆེན་པོ་བྱེད་མཁན་བོད་ཕྱི་ནང་གཉིས་སུ་ཧ་ཅང་མང་པོ་ཡོད་པ་ནི། རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་ནང་རང་ཉིད་ཀྱི་དབུ་ཁྲིད་དགའ་ཞེན་འདི་འདྲ་ཡོད་མི་སྲིད་པ་ལྟ་བུར་གྱུར་ཡོད་ལ། དེ་ནི་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་གཟི་བརྗིད་ཅིག་ཏུའང་བརྩི་ཆོག ༧གོང་ས་མཆོག་གིས་བོད་མི་རྣམས་བཙན་བྱོལ་དུ་འབྱོར་བའི་དེ་མ་ཐག ཆབ་སྲིད་ཀྱི་ལམ་ལུགས་མང་གཙོ་ཅན་དུ་བསྒྱུར་གནང་མཛད་པའི་དགོངས་དོན་གཙོ་བོ་ནི། མི་མང་གི་ངོས་ནས་ཆབ་ཀྱི་ཐོག་ལ་འགན་ཁུར་ཆེ་ཙམ་ལེན་ཐུབ་པའི་ཆེད་དུ་དགོངས་པ་བཞེས་ཡོད་པ་དང། མི་ལོ་ལྔ་བཅུ་ལྷག་འདས་པའི་དེ་རིང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ཐོག་ནས་རང་སྐྱ་ཕེར་བའི་འགན་ཁུར་ཐུབ་མཁན་སུ་གཅིག་འཚར་ལོང་བྱུང་མེད་པའི་ཚོད་དུ་གྱུར་ཡོད།

༧གོང་ས་མཆོག་གིས་མི་མང་ལ་བོད་ཀྱི་རྩ་དོན་ཐག་གཅོད་བྱེད་ཕྱོགས་ཐད་ནས་བསམ་ཚུལ་ག་རེ་ཡོད་མེད་མང་མོས་འོས་བསྡུ་དང། དམིགས་བསལ་ཚོགས་ཆེན་སོགས་བརྒྱུད་ལམ་འདྲ་མིན་ནས་གོ་སྐབས་གནང་ཡོད་ཀྱང། དེ་དག་ཐམས་ཅད་ཀྱི་སྐབས་སུ་མི་མང་རང་གི་ངོས་ནས་བསལ་ཚུལ་གསལ་པོ་མ་བཤད་པར། ༧གོང་ས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱི་ཐོག་ནས་ག་རེ་གནང་ཡང་དེ་ག་རང་ཡིན་ཞེས་ཨུ་ནན་གྱིས་སྔ་རྗེས་སུ་ཞུས་ཡོད་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་གྲོས་ཆོད་སྔ་རྗེས་ཀྱི་ནང་དུ་ཐག་གཅོད་དེ་ག་རང་ཞུས་ཡོད། ཕྱོགས་གཅིག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་འཕགས་མཆོག་སྤྱན་རས་གཟིགས་མི་ཡི་རྣམ་རོལ་དུ་ཕེབས་པ་ཞིག་ཡིན་པ་ཙམ་དུ་མ་ཟད། བོད་པའི་སྤྱི་ཚོགས་ནང་མཁྱེན་ཡོན་དང་ཤུགས་རྐྱེན། རྒྱུས་མྱོང། འགན་ཁུར་བཞེས་སྟངས་སོགས་གང་ཐད་ནས་སུ་གཅིག་དང་འགྲན་ཐབས་མེད་པས་ཁོང་གིས་གང་གནང་བ་དེར་ཡིད་ཁྱེད་ཤེས་ཀྱིས་དད་པ་དང་ཤར་བསྐྱོད་གནང་བ་ནི་ཧ་ཅང་ཡག་པོ་རེད།

ཕྱོགས་གཅིག་ནས་བསམ་བློ་བཏང་ན་རང་ཉིད་ལ་བསམ་ཚུལ་དང་ལངས་ཕྱོགས་དམིགས་བསལ་གང་ཡང་མེད་པར། ༧གོང་ས་མཆོག་གིས་གང་གསུངས་པ་དེར་ཤར་བསྐྱོད་ཡིན་ཞེས་བརྗོད་ཡོང་དུས། ༧གོང་ས་མཆོག་གིས་སང་ཉིན་ནས་བོད་རྒྱ་གཉིས་མཉམ་གནས་ཐུབ་ཐབས་མེད་པ་དང། བོད་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་རང་བཙན་སླར་གསོའི་ཐོག་ནུས་པ་མཉམ་སྤུངས་བྱེད་རྒྱུ་ཡིན་ཞེས་གལ་སྲིད་གསུངས་པའི་དབང་དུ་བཏང་ན། དེར་ཡང་ཚམ་ཚོམ་མེད་པར་ཤར་བསྐྱོད་བྱེད་དགོས་པ་ནི་སྨྲོས་མ་དགོས་པ་རེད། གང་ལྟར་ད་ལྟའི་སྲིད་བྱུས་དེ་འགྲིག་ཡོད་པ་དང་ནམ་ཞིག་ཐག་གཅོད་ཡག་པོ་ཞིག་བྱུང་སོང་ན། ༧གོང་ས་མཆོག་གི་དགོངས་གཞི་དང་ལམ་སྟོན་ཡིན་ཡང། གཡོ་སྒྱུ་ཁྲམ་གསུམ་ལ་བྱང་བའི་རྒྱ་དམར་གཞུང་གིས་༧གོང་ས་མཆོག་གི་དགོངས་གཞི་ལ་ཉན་འཇོག་གཏན་ནས་བྱས་མེད་པས། མ་འོངས་པར་སྲིད་བྱུས་དེ་ནོར་འདུག་ཅེས་ཚང་མས་བརྗོད་པའི་དབང་དུ་བཏང་ན། དེ་ཡང་༧གོང་ས་མཆོག་གི་འགན་ཁུར་ལྟ་བུར་གྱུར་པ་ནི། སྡུག་ཕྱོགས་ནས་བལྟས་ན་བོད་པས་འགན་མ་ཁུར་བ་ཞིག་ཏུ་གྱུར་ཡོད།

མཐའ་དོན་དད་པ་དང་དག་སྣང་ནི་ཆོས་ཕྱོགས་ནས་དགོས་མཁོ་ཆེན་པོ་ཞིག་ཡིན་པ་མ་ཟད། གཙོ་ཆེ་ཤོས་བོད་པ་ནི་གསང་སྔགས་ཉམས་ལེན་པར་ཁས་འཆེ་བའི་མི་རིགས་ཤིག་ཡིན་སྟབས། དད་པ་དང་དག་སྣང་ནི་བོད་པའི་དམིགས་བསལ་ཁྱད་ནོར་ཞིག་ཏུ་བརྩིས་ཀྱང་འགྲིག་པ་ཞིག་རེད། ཆབ་སྲིད་སྤྱི་དང། རང་དབང་མང་གཙོའི་ལམ་ལུགས་ནང་མི་མང་གིས་ཐག་གཅོད་བྱེད་པར་རང་ཉིད་ཀྱིས་ཞིབ་འཇུག་དང་བརྟག་དཔྱད་བྱེད་དགོས་པ་ལས། སྐབས་དེར་དད་པ་དང་དག་སྣང་ཁོ་ན་བེད་སྤྱོད་བྱེད་པ་ནི་སྤྱི་ཚོགས་འདིའི་ཆབ་སྲིད་ཀྱི་གནས་སྟངས་ཉམས་དམས་སུ་འགྲོ་བའི་སྣ་འདྲེན་ཉག་གཅིག་ཏུ་གྱུར་ཡོད། དེར་བརྟེན་དད་པ་དག་སྣང་བྱེད་ས་མ་ནོར་བར་ཆོས་ཕྱོགས་ནས་བྱེད་དགོས་པ་གལ་ཆེ་ཡང། མང་གཙོའི་ལམ་ལུགས་ཀྱི་ནང་དུ་དད་པ་དག་སྣང་དེ་བེད་སྤྱོད་གཏན་ནས་མེད། གབ་ཕྱི་ལོག་པའི་བྱེད་སྟངས་འདི་འགྲིག་མི་འདུག་ཅེས་བརྗོད་སྐབས་མངོན་ལྐོག་གང་རུང་ནས་ཁ་རྡུང་གཏོང་མཁན་མང་པོ་ཡོད་པ་ནི་སྨྲོས་མི་དགོས་ཀྱང། གང་ཡིན་པ་དེ་བཤད་དགོས་པའང་གཡོལ་ཐབས་མེད་པའི་འགན་ཁུར་ཉག་གཅིག་ཏུ་གྱུར་ཡོད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།