མཉམ་འབྲེལ་དང་བཙན་བྱོལ་བོད་མི།

འཛམ་གླིང་གི་ས་ཕྱོགས་གང་སར་མཉམ་འབྲེལ་བཙུགས་ནས་ནུས་པ་ཆེན་པོ་ཐོན་པའི་ལོ་རྒྱུས་ཡོད་ལ། འཛམ་གླིང་ནང་མཉམ་འབྲེལ་ལམ་མཉམ་ལས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ནུས་པ་མཐོར་འདེགས་བྱེད་རྒྱུར་འབད་བརྩོན་བྱེད་མཁན་དང་།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༦༦  ཕྱི་ལོ་ ༢༠༡༩/༨ /༢༨

འཛམ་གླིང་གི་ས་ཕྱོགས་གང་སར་མཉམ་འབྲེལ་བཙུགས་ནས་ནུས་པ་ཆེན་པོ་ཐོན་པའི་ལོ་རྒྱུས་ཡོད་ལ། འཛམ་གླིང་ནང་མཉམ་འབྲེལ་ལམ་མཉམ་ལས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ནུས་པ་མཐོར་འདེགས་བྱེད་རྒྱུར་འབད་བརྩོན་བྱེད་མཁན་དང་། གྲུབ་འབྲས་ཐོན་མཁན་མང་པོ་བྱུང་ཡོད་ནའང་། འཛམ་གླིང་ཤར་ནུབ་ཀྱི་ཁྱོན་ཡོངས་ནས་མཉམ་འབྲེལ་གྱི་ནུས་པ་འཕྲོ་བརླག་གཏོང་མཁན་གཅིག་རྒྱ་ནག་གི་མགོ་ཁྲིད་མའོ་ཙི་ཏུང་རེད་ཅེས་བཤད་སྲོལ་ཡོད། རྒྱ་ནག་རྒྱལ་ཡོངས་དམར་ཤོག་ཚོགས་པས་དབང་བསྒྱུར་བ་དང་། རིམ་པས་སྤྱི་ཚོགས་ཁྱོན་ཡོངས་སུ་ཐོན་སྐྱེད་མཉམ་ལས་ལ་བརྟེན་ནས་བསྒྲུབ་དགོས་པའི་སྲིད་བྱུས་དང་། ལས་དོན་བཙན་ཤེད་ཀྱིས་སྤེལ་བས། སྐབས་དེར་རྒྱ་ནག་ཁྱོན་ཡོངས་སུ་ལྟོ་རྒྱགས་པ་ཞིག་བཟའ་རྒྱུ་མེད་པའི་ཚད་དུ་ལྷུང་ཡོད་ལ། བཟང་ཕྱོགས་ཀྱི་ནུས་པ་དང་གྲུབ་འབྲས་གང་ཡང་མ་སོན་པ་མ་ཟད། ཕལ་ཆེར་རྒྱ་ནག་གི་ལོ་རྒྱུས་ནང་མུ་གེ་ཆེ་ཤོས་ཀྱི་དུས་ཚོད་ཅིག་ཏུ་གྱུར་ཡོད་ཅེས་བརྗོད་ཀྱང་ཆོག་པ་ལྟ་བུར་གྱུར་ནས། རྒྱ་ནག་དང་འཛམ་གླིང་སྤྱིའི་མཉམ་འབྲེལ་གྱི་ཤུགས་རྐྱེན་ཆུང་དུ་སོང་ཡོད།

རྒྱ་གར་ལ་མཚོན་ན་དེ་དང་མི་འདྲ་བར་མཉམ་འབྲེལ་གྱི་ཤུགས་རྐྱེན་གང་འཚམ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། སྤྱི་ཚོགས་མཉམ་འབྲེལ་གྱི་ལས་དོན་མང་པོ་ཞིག་ལ་རྒྱ་གར་གཞུང་གིས་རོགས་རམ་དང་མཐུན་འགྱུར་གནང་རྒྱུའི་གོ་སྐབས་ཀྱང་ཡོད། ཁོར་ཡུག་དང་རེ་བ་དེའི་འོག་ནས་བཙན་བྱོལ་བོད་གཞུང་གིས་གཞིས་ཆགས་ཁག་མང་པོ་ཞིག་ཏུ་མཉམ་འབྲེལ་བཙུགས་ཡོད་པ་དང་། ཐོག་མ་གསར་འཛུགས་བྱས་ནས་ལོ་གང་འཚམ་ཞིག་ལ་ཡར་རྒྱས་སོང་ཡོད་ལ། ཡར་རྒྱས་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཡང་མཉམ་འབྲེལ་གྱི་ལས་དོན་མང་པོ་ཞིག་ལ་མི་མང་གིས་མཉམ་ཞུགས་ཆེན་པོ་བྱེད་ཐུབ་པས་རེད། དཔེར་ན་འདྲུད་འཐེན་འཁོར་ལོ་སོགས་འཕྲུལ་འཁོར་བཟོ་བཅོས་སྡེ་ཚན་ཁག་ཏུ་ལས་ཀ་བྱེད་མཁན་མང་པོ་ཡོད་པ་དང་། དེ་ལ་བརྟེན་ནས་ཉེ་འཁོར་གྱི་ཡུལ་མིའི་ས་ནས་ལས་ཀ་རག་པའི་ལོ་རྒྱུས་ཀྱང་ཡོད་ལ། གདན་འཐག་དང་ཐུག་བཟོ་སོགས་སུའང་ལས་ཀ་བྱེད་མཁན་མང་པོ་ཡོད་པས། མཉམ་འབྲེལ་ཁག་ནི་དོན་གྱིས་སྤྱི་ཚོགས་ཀྱི་རྟེན་གཞི་གལ་ཆེ་ཤོས་ཤིག་ཏུ་འགྱུར་རྒྱུའི་རེ་བ་ཞིག་ཀྱང་བྱུང་མྱོང་།

ད་ལྟའི་ཆར་གདན་འཐག་མཁན་སོགས་ངལ་རྩོལ་བྱེད་མཁན་ཕལ་ཆེར་རྫོགས་ཚར་བའི་སྐབས་ཤིག་ཏུ་གྱུར་ཡོད་པ་དང་། དགུན་ཚོང་ཙམ་ལས་སྟོན་ཐོག་འདེབས་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་ཐབས་བྱེད་མཁན་ཡང་ཧ་ཅང་དཀོན་པོར་གྱུར་ཡོད། འཕྲུལ་བཟོ་སྡེ་ཚན་ལའང་མཉམ་འབྲེལ་སོ་སོའི་འཕྲུལ་འཁོར་ལ་བཟོ་བཅོས་བྱེད་རྒྱུ་ཙམ་ལས་གཞན་ནུས་པ་མེད་པ་ལྟ་བུར་འགྱུར་བཞིན་ཡོད། འདི་དག་ཐམས་ཅད་ཀྱི་འབྱུང་རྩ་གཙོ་བོ་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་བསམ་བློ་གཏོང་ཕྱོགས་ལ་འགྱུར་བ་ཕྱིན་པ་དང་། ངལ་རྩོལ་བྱེད་མཁན་གྱི་མི་སྣ་ཉུང་དུ་འགྲོ་བཞིན་པ་མ་ཟད། ན་གཞོན་མང་པོ་ཞིག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འགྲོ་རྒྱུའི་དམིགས་ཡུལ་བཟུང་ཡོད་པ་དང་། ཕྱི་རྒྱལ་དུ་འགྲོ་འཆར་མེད་མཁན་དག་ཀྱང་གཞིས་ཆགས་རང་དུ་བསྡད་ནས་ལས་ཀ་བྱེད་མཁན་ཧ་ཅང་དཀོན་པས། ད་ལྟའི་ཆར་མཉམ་འབྲེལ་ཁག་ཕལ་ཆེ་བའི་གནས་སྟངས་སྤྱིའི་ཆ་ནས་ཡར་རྒྱས་ཀྱི་རྣམ་པ་ལྟ་བུ་ཡོད་ཀྱང་། ད་དུང་གཞིས་ཆགས་མི་མང་གི་འཚོ་བའི་རྟེན་ས་ཁོ་ན་དང་། བཙན་བྱོལ་གཞུང་གི་རེ་བ་བརྒྱབ་པ་ཇི་བཞིན་ཆགས་ཐུབ་པའི་རེ་བ་ནི་ཧ་ལམ་དཀའ་བ་ལྟ་བུ་རེད།

སྤྱིར་རྒྱ་གར་ལྷོ་ཕྱོགས་ཀྱི་མཉམ་འབྲེལ་ཁག་ལ་མཚོན་ན་ཀར་ན་ཊ་ཀ་མངའ་སྡེའི་གཞུང་ལ་རོགས་རམ་ཞུ་རྒྱུའི་གོ་སྐབས་དམ་འཛིན་བྱེད་ཀྱི་ཡོད་པ་དང་། མངའ་གཞུང་ནས་ཀྱང་ལོ་ལྟར་ཧིན་སྒོར་འབུམ་བརྒྱ་ཕྲག་མང་པོའི་རོགས་རམ་རག་གི་ཡོད་པ་རེད། ད་དུང་མཉམ་འབྲེལ་ཁག་མང་པོ་ཞིག་གིས་ཚོང་ལ་བརྟེན་ནས་ཁེ་བཟང་གང་འཚམ་རེ་རག་གི་ཡོད་པའི་གནས་ཚུལ་ཡང་གོ་རྒྱུ་འདུག་ཀྱང་། བཙན་བྱོལ་བོད་མིའི་འཚོ་རྟེན་གྱི་ཆེད་དུ་མཉམ་འབྲེལ་གསར་འཛུགས་སྐབས་དམིགས་ཡུལ་གཅིག་ནི། ཉོ་ཚོང་ཙམ་མ་ཡིན་པར་ཐོན་སྐྱེད་ལ་བརྟེན་ནས་ཁེ་བཟང་ལེན་ཐུབ་པ་དང་། དེ་ལ་བརྟེན་ནས་ལས་མེད་ལ་ལས་ཀ་སྤྲོད་ཐུབ་པ་དང་། འཚོ་བ་ལ་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་ཏུ་འགྱུར་ཐུབ་པ་བྱ་རྒྱུ་དེ་ཡིན། ཉོ་ཚོང་ལ་བརྟེན་ནས་ཁེ་བཟང་ཡོད་ནའང་། ཁེ་བཟང་ལེན་མཁན་མང་པོ་ཞིག་གཅིག་ལ་གཉིས་བརྒྱུད་ཀྱིས་རིམ་པས་ཁེ་བཟང་ཟོས་ནས་ཐོན་པའི་ཅ་ལག་ཙམ་དུ་གྱུར་ཡོད། ཐོན་སྐྱེད་ནི་རང་ཉིད་ཀྱིས་བཟོ་སྐྲུན་བྱས་པའི་ཅ་དངོས་ཚོང་བསྒྱུར་བྱ་རྒྱུ་དེ་ཡིན་པས། ཁེ་བཟང་གི་ཐོག་ནས་བཤད་ན་ཧ་ཅང་ཆེན་པོ་ཡོད་པ་ཞིག་ཡིན་དགོས།

མདོར་ན་ཐོན་སྐྱེད་བྱེད་པར་མི་ཆ་དགོས་པ་དང་། དེ་ཡང་རིག་པ་དང་ནུས་པ་ཡོད་པའི་ན་གཞོན་མང་པོ་དགོས་པས། མཉམ་འབྲེལ་ཁག་ལ་དེ་ལྟ་བུའི་གོ་སྐབས་དཀོན་དུ་འགྲོ་བཞིན་ཡོད། དོན་གྱིས་མཉམ་འབྲེལ་ཁག་གིས་མཉམ་འབྲེལ་གྱི་ཤས་བདག་མང་ཚོགས་ལ་ཕན་ཐོགས་ཡོད་ནའང་། འཚོ་རྟེན་གྱི་གཙོ་བོ་མཉམ་འབྲེལ་ལ་བརྟེན་ཆོག་པའི་རེ་བ་དང་ནུས་པ་མེད་པ་ནི་ཕལ་ཆེར་གསལ་པོར་གྱུར་ཡོད། མཉམ་འབྲེལ་དང་འབྲེལ་བའི་༧གོང་ས་མཆོག་གི་དགོངས་གཞི་དང་། བཙན་བྱོལ་བོད་གཞུང་གི་དམིགས་ཡུལ། ཤས་བདག་མི་མང་གི་དགོས་མཁོ་སོགས་གང་ཐད་ནས་བལྟས་ཀྱང་། ན་གཞོན་མང་པོ་མཉམ་ཞུགས་བྱེད་ཐུབ་པ་ཞིག་དང་། ཐབས་ལམ་དང་གོ་སྐབས་གསར་པ་ཞིག་ཡོད་ན་མ་གཏོགས། མཉམ་འབྲེལ་ཁག་ནི་རེ་བ་དང་། དམིགས་ཡུལ་ཡོད་པ་བཞིན་ཡོང་རྒྱུའི་ནུས་པ་དེ་ཆུང་དུ་འགྲོ་བཞིན་ཡོད། མ་འོངས་པར་བཙན་བྱོལ་བོད་མིའི་འཚོ་རྟེན་གྱི་ཐོག་ནས་བོད་མིའི་སྒྲིག་འཛུགས་ལས་ཀྱང་ཁྲིམས་ཐོག་ནས་མཉམ་འབྲེལ་ཁག་རེ་བ་དང་གོ་སྐབས་མང་བ་ལྟ་བུ་ཡོད་སྲིད་ཀྱང་། མི་མང་གིས་འགན་ཁུར་དང་མཉམ་ཞུགས་མེད་ན་ཁག་ཏུ་འགྲོ་ངེས་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།