མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ལས་འགུལ་བ་ཚོའི་གནས་ཚུལ་རྒྱ་ནག་ལ་མཁོ་སྤྲོད་བྱེད་ཀྱི་ཡོད་འདུག 

མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ལས་བྱེད་ཅིག་གིས་བརྗོད་པ་ལྟར་ན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཚོགས་པ་ཆེ་ཤོས་དེས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཚོའི་གནས་ཚུལ་རྒྱ་ནག་གཞུང་ལ་མཁོ་སྤྲོད་བྱེད་ཀྱི་ཡོད་འདུག 

མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ལས་བྱེད་ཅིག་གིས་བརྗོད་པ་ལྟར་ན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཚོགས་པ་ཆེ་ཤོས་དེས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཚོའི་གནས་ཚུལ་རྒྱ་ནག་གཞུང་ལ་མཁོ་སྤྲོད་བྱེད་ཀྱི་ཡོད་འདུག 

དེ་ཡང་ཟླ་འདིའི་ཚེས་༡༤ ཉིན་ཧྥོ་ཁི་སི་གསར་ཁང་(Fox News) ནས་གནས་ཚུལ་སྤེལ་གསལ་དུ། མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ལས་བྱེད་ཨི་མ-རེ་ལི་(Emma Reilly)ཡིས་འདི་ལོའི་ཕྱི་ཟླ་༡༠ ཚེས་༢༡ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་མི་དང་འགོ་ཁྲིད་རྒན་པ་རྣམས་ལ་ཡི་གེ་ཞིག་བསྐུར་བའི་ནང་། “མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་མུ་མཐུད་སྙན་གྲགས་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་སུ་ཞིག་ཇི་ནི་ཝ་(Geneva) ལ་འཚོགས་པའི་ཚོགས་འདུར་ཡོང་འཆར་ཡོད་མེད་ཀྱི་གནས་ཚུལ་རྒྱ་ནག་ལ་མཁོ་སྤྲོད་བྱེད་བཞིན་ཡོད་པ་གསལ་པོ་རེད་”ཅེས་བྲིས་ཡོད་འདུག 

རྒྱ་ནག་གཞུང་ལ་མཁོ་སྤྲོད་བྱས་པའི་མིང་ཐོའི་ཁྲོད་དུ་བོད་དང་ཡུ་གུར་གྱི་ལས་འགུལ་བ་རྣམས་འདུས་ཤིང་། དེ་དག་ལས་འགའ་ཤས་ཨ་རིའི་མི་སེར་ཡང་ཡིན་འདུག 

དབྱིན་ཇི་དང་ཨེ་ར་ལན་ཊི་གཉིས་ཀའི་མི་སེར་ཐོབ་ཐང་ཡོད་པའི་ཨི་མ-རེ་ལི་ཡིས་ལྷན་ཚོགས་དེས་རྒྱ་ནག་ལ་གནས་ཚུལ་མཁོ་སྤྲོད་བྱེད་པའི་ལས་འགུལ་དེ་ཕྱི་ལོ་༢༠༡༣ ནས་བཟུང་འབྱུང་བཞིན་ཡོད་སྐོར་བརྗོད་འདུག་མོད། འོན་ཀྱང་མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་མ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་མགྲིན་ཚབ་པ་རོ་ལན་ཌོ-གྷོ་མ་སི་(Rolando Gomez) ཡིས་གནས་ཚུལ་དེ་ནི་“འཁྱོག་བཤད་”ཅིག་ཡིན་པ་དང་། “མཉམ་འབྲེལ་རྒྱལ་ཁབ་ལ་ཡོང་མཁན་གྱི་ལས་འགུལ་བ་ཞིག་གི་མིང་ཐོ་རྩིས་སྤྲོད་བྱས་པའི་གནས་སྟངས་གང་ཡང་མེད་”ཅེས་བཤད་ཡོད་འདུག 

ཨི་མ-རེ་ལི་ཡིས་གནས་ཚུལ་དེའི་སྐོར་ཐོག་མར་ཕྱི་ལོ་༢༠༡༣ ལོར་འབྲེལ་ཡོད་གོང་རིམ་ལ་ཡར་ཞུ་བྱས་ཡོད་འདུག་མོད། འོན་ཀྱང་འབྲེལ་ཡོད་ཀྱིས་མོའི་བྱེད་སྟངས་ལ་འཁོན་ལན་བསློགས་པ་ལས་གཞན་གང་ཡང་བྱས་མི་འདུག་སྟེ། མོས་“མཉམ་འབྲེལ་རྒྱལ་ཁབ་ཀྱིས་མིང་ཐོ་རྩིས་སྤྲོད་བྱེད་མཚམས་འཇོག་རྒྱུའི་ཚབ་ཏུ། ནུས་ཤུགས་ཡོངས་རྫོགས་ང་ལ་འཁོན་ལན་སློག་པའི་ཐོག་བཏང་བྱུང་། ང་ལ་མིང་ཆད་ངན་པ་བཟོས་ནས་ཕྱི་ལ་ཕུད་པའི་ཁར། མི་ཚེའི་བྱ་གཞག་ཀྱང་ཆུད་ཟོས་སུ་བཏང་སོང་”ཞེས་བཤད་ཡོད་འདུག 

གཞན་ཡང་མོས་མཉམ་འབྲེལ་རྒྱལ་ཁབ་ཀྱིས་རྒྱ་ནག་གི་རེ་སྐུལ་ལ་དང་ལེན་བྱས་རུང་། ཋོར་ཁི་རྒྱལ་ཁབ་(Turkey) ཀྱིས་གཅིག་མཚུངས་ཀྱི་རེ་སྐུལ་ཞུས་པར་ཁས་ལེན་བྱས་མེད་ཚུལ་སྨྲས་ཡོད་འདུག 

 གནས་ཚུལ་འདི་དང་འབྲེལ་བའི་ཐོག རྒྱ་ནག་གི་འགྲོ་བ་མིའི་ཐོབ་ལས་འགུལ་བ་ཚོར་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་ཞིག་སྟེ། ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་མི་ཋ་ཌི-ཁོ་རོ་སི་(Ted Cruz)ཡི་མགྲིན་ཚབ་པ་ཞིག་གིས་“གལ་སྲིད་མཉམ་འབྲེལ་རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གྱི་མི་སྣ་ཚོའི་མིང་ཐོ་བརྩི་སྤྲོད་བྱས་ཏེ་ཁོ་ཚོའི་བདེ་འཇགས་ལ་གནོད་འཚེ་གཏོང་བཞིན་པའི་གནས་ཚུལ་དེ་བདེན་པ་ཡིན་ན། དེ་ནས་མཉམ་འབྲེལ་རྒྱལ་ཁབ་ནི་མང་གཙོ་ལ་རྒོལ་མཁན་དང་། འཛམ་གླིང་གི་སྲིད་གཞུང་སྡུག་ཤོས་ལ་མགོ་བོ་སྒུར་མཁན་གྱི་མི་ངན་མ་རབས་ཚོའི་ཇག་ཚང་རེད་ཟེར་བའི་སྐྱོན་བརྗོད་དེ་ར་འཕྲོད་བྱུང་བ་རེད་”ཅེས་བཤད་ཡོད་འདུག 

མཉམ་འབྲེལ་རྒྱལ་ཁབ་ཀྱི་ཕྱོགས་ནས་གོང་གི་གནས་ཚུལ་དེ་“འཁྱོག་བཤད་”ཡིན་ཚུལ་བཤད་པའི་ལན་ལ། ཨི་མ-རེ་ལི་ཡིས་“རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་ཞིག་མཉམ་འབྲེལ་རྒྱལ་ཁབ་ཏུ་[རྒྱ་ནག་ནང]འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་སྐོར་ཡར་ཞུ་བྱེད་དུ་ཡོང་དུས། མཉམ་འབྲེལ་རྒྱལ་ཁབ་ཀྱིས་རྒྱ་ནག་ལ་གནད་དོན་དེའི་སྐོར་གཏན་ནས་གླེང་སློང་བྱེད་ཀྱི་མ་རེད། ངས་མཉམ་འབྲེལ་རྒྱལ་ཁབ་ལ་འཇིགས་སུ་རུང་བའི་བྱེད་སྟངས་དེ་མཚམས་འཇོག་དགོས་པ་དང་། ཉེས་ཅན་ལ་ཞིབ་འཇུག་དགོས་པའི་རེ་སྐུལ་ལོ་ངོ་བདུན་མ་ཟིན་ཙམ་བྱས་རུང་། མཉམ་འབྲེལ་རྒྱལ་ཁབ་ཀྱིས་དང་ལེན་གཏན་ནས་བྱས་མ་བྱུང་”ཞེས་བཤད་ཡོད་འདུག 

དེ་མིན་ད་དུང་མོས་གནས་ཚུལ་དེའི་སྐོར་ཕྱིར་བསྒྲགས་བྱེད་དགོས་པའི་རྒྱུ་མཚན་ཐད་ལ། “མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ཚོས་རྟག་ཏུ་ང་ལ་ཁྱོད་ཀྱིས་ཅིའི་ཕྱིར་གནས་ཚུལ་དེའི་སྐོར་ཕྱིར་བསྒྲགས་བྱས་པ་ཡིན་ཞེས་སྐད་ཆ་འདྲི་ཡི་འདུག ངས་རང་ཉིད་ཀྱི་བྱ་གཞག་ལས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གྱི་ལས་འགུལ་བ་ཚོའི་མི་ཚེ་དང་བདེ་འཇགས་གལ་ཆེ་བ་མཐོང་བ་དེ་ཁོ་ཚོའི་སེམས་སུ་འཁོར་གྱི་མེད་པར་སྣང་”ཞེས་བརྗོད་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།