མཉམ་སྦྲེལ་རྒྱལ་ཁབ་སྒོ་རུ་བོད་མིའི་ཞུ་འབོད་དང་དཔོན་རིགས་ལ་ཐུག་འཕྲད།

བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་དྲུག་ཅུ་པའི་གཞོན་ལྷན་གྱི་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་ཉིན་གཉིས་པར་མི་མང་གིས་ངོ་རྒོལ་ཁྲོམ་སྐོར་དང་། ལྡི་ལིར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཁབ་ལས་ཁུངས་སུ་བོད་དོན་རྒྱབ་སྐྱོར་དགོས་པའི་སྙན་ཞུ་ཕུལ་ཡོད་པ་རེད།

བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་དྲུག་ཅུ་པའི་གཞོན་ལྷན་གྱི་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་ཉིན་གཉིས་པར་མི་མང་གིས་ངོ་རྒོལ་ཁྲོམ་སྐོར་དང་། ལྡི་ལིར་རྟེན་གཞི་བྱས་པའི་མཉམ་སྦྲེལ་རྒྱལ་ཁབ་ལས་ཁུངས་སུ་བོད་དོན་རྒྱབ་སྐྱོར་དགོས་པའི་སྙན་ཞུ་ཕུལ་ཡོད་པ་རེད།

དེ་ཡང་ཟླ་འདིིའི་ཚེེས་༡༡ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ལྡི་ལི་ཁཱན་མར་ཀེ་ཏྲི་ནས་མི་མང་གིས་རྒྱ་ནག་གིས་དབང་བསྒྱུར་ལ་ངོ་རྒོལ་སྐད་འབོད་བྱས་ཏེ། མཉམ་སྦྲེལ་རྒྱལ་ཁབ་ཀྱི་སྒོ་ཆེན་ཉེ་འཁྲིས་སུ་སླེབས་པ་དང་། རྒྱ་གར་ཉེན་རྟོག་པས་ལྕགས་ཁྲ་བསྒྲིགས་ཏེ་བཀག་འགོག་བྱེད་སྐབས། མི་མང་གིས་མཉམ་སྦྲེལ་རྒྱལ་ཁབ་ཀྱིས་བོད་དོན་ལ་རྒྱབ་སྐྱོར་དགོས་པའི་སྐད་འབོད་བྱས་ཏེ། ལྕགས་ཁྲ་རིམ་པ་དང་པོ་གཏོར་ནས་ནང་དུ་འཛུལ་ཐབས་བྱས་པ་དང་། ཉེན་རྟོག་པ་དང་དམག་མི་ཧ་ཅང་མང་པོ་ཡོང་ནས་བཀག་འགོག་བྱས་ཡོད་པ་རེད།

གཞོན་ལྷན་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལས་ཁུངས་སུ་བཅར་ནས་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལ་སྙན་ཞུ་ཕུལ་བ་དང་། ཕྱིར་སླེབས་ནས་ཁོང་གིས་དེའི་སྐོར་ངོ་སྤྲོད་གནང་སྐབས། ༡༩༥༠ ལོའི་ནང་ནས་བོད་པས་མཉམ་སྦྲེལ་རྒྱལ་ཁབ་ལ་ཞུ་གཏུག་བྱས་ཡོད་པ་དང་། ཐོག་མར་མཉམ་སྦྲེལ་རྒྱལ་ཁབ་བཙུགས་དུས་རྒྱལ་ཁབ་དང་མི་རིགས་གཅིག་གིས་གཅིག་ལ་དབང་བསྒྱུར་དང་བརྙས་བཅོས་གཏོང་བ་འགྲིག་གི་མི་འདུག་ཅེས་གྲོས་ཆོད་བཞག་ཡོད་པས། བོད་དོན་ལ་ལྟ་སྐྱོང་དགོས་པའི་འགན་ཡོད་པ་རེད། ང་ཚོར་ད་དུང་རོགས་སྐྱོར་གྱི་ཕན་ཐོགས་བྱུང་མེད་ནའང་། མུ་མཐུད་ཞུ་གཏུག་དགོས་སྐོར་གསུངས་པ་དང་། “མཉམ་སྦྲེལ་རྒྱལ་ཁབ་ཀྱི་ལས་ཁུངས་ནང་རྒྱ་གར་དང་འབྲུག་ལ་འགན་ཁུར་མཁན་གཙོ་བོ་རཱ་ཇི་ཅན་ད་ར་(Rajiv Chandral) ལ་ཐུག་ནས་སྙན་ཞུ་ཕུལ་བ་དང་། ཁོང་ལ་ད་ཐེངས་རྒྱ་བལ་འབྲུག་གསུམ་ནས་མི་མང་པོ་འདིར་ཚོར་བ་ཆེན་པོའི་ཐོག་ནས་སླེབས་བསྡད་ཡོད། ད་སྔ་བར་དུ་གཞོན་ལྷན་གྱིས་སྙན་ཞུ་མང་པོ་ཕུལ་ཡོད་པས། དེ་དག་ལག་བསྟར་བྱེད་ཀྱི་ཡོད་མེད་ཀྱི་ལན་གསལ་པོ་དགོས་ཀྱི་འདུག བོད་ནང་ད་ལྟ་དམ་དྲག་ཆེ་རུ་བཏང་ཡོད་པ་དང་། ཕྱི་མི་བོད་ནང་འགྲོ་མི་ཆོག་པ་དང་། བོད་མི་ཚོ་ལ་ཕྱི་བསྐྱོད་ལག་ཁྱེར་སྤྲོད་ཀྱི་མི་འདུག ཕྱི་ཟླ་གསུམ་པའི་ནང་དམིགས་བསལ་དམ་དྲག་བྱས་ཡོད་རེད། ཆབ་སྲིད་བཙོན་པ་མང་པོ་བཙོན་འཇུག་འོག་ཡོད་པས། དེའི་ཐོག་མི་ཆེད་དུ་བཏང་ནས་ཉམས་ཞིབ་དང་རོགས་སྐྱོར་དགོས་སྐོར་ཞུས་ཡིན། ཁོ་རང་གིས་ཁྱེད་ཚོའི་སྙན་ཞུ་ནིའུ་ཡོག་དང་རྗེ་ནི་ཝའི་ལས་ཁུངས་ནང་བསྐྱལ་ཡོད། བོད་ཀྱི་གནས་སྟངས་ཆ་ཚང་ཤེས་ཀྱི་ཡོད་མོད། རྒྱ་ནག་སྟོབས་ཆེན་པོ་ཡིན་པས། བོད་དོན་ཐོག་གྲོས་ཆོད་དང་ལག་ལེན་བསྟར་དགོས་དུས་རྒྱ་ནག་གིས་བཀག་འགོག་བྱེད་ཀྱི་ཡོད་རེད། ཡིན་ནའང་ཁྱེད་རང་ཚོས་ལས་འགུལ་མུ་མཐུད་སྤེལ་དགོས་རེད་ལ་འགན་ཡང་རེད་ཟེར། ང་ཚོའི་དེ་རིང་གི་ལས་འགུལ་གྱིས་དེ་རིང་ཕན་མ་ཐོགས་ནའང་ཕུགས་ལ་ཕན་གྱི་རེད་”ཅེས་དང་། རྒྱ་ནག་དེང་སྐབས་སྟོབས་ཆེན་པོ་ཡིན་ནའང་། ཁ་གཏད་རྒྱལ་ཁབ་མང་དུ་འགྲོ་ཡི་ཡོད་སྐོར་དང་། འཛམ་གླིང་གིས་ལྟ་སྟངས་ཡག་པོ་མེད་པས། རིམ་པས་བོད་ཀྱི་ནུས་པ་ཐོན་རྒྱུ་ཡིན་སྐོར། ལས་འགུལ་མུ་མཐུད་སྤེལ་དགོས་པ་དང་བོད་མི་ཚང་མ་མཉམ་དུ་ལངས་དགོས་སྐོར་གསུངས་སོང་།

ཐེངས་འདིའི་ལས་འགུལ་ནང་རྒྱ་བལ་འབྲུག་གསུམ་ནས་བོད་མི་གནས་སྡོད་བྱེད་ས་ས་གནས་ཁག་སུམ་ཅུ་ནས་ལས་འགུལ་བ་སླེབས་ཡོད་པ་དང་། ཚེས་༡༢ ཉིན་མུ་མཐུད་ལས་འགུལ་སྤེལ་འཆར་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་ལྡི་ལི་ནས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།