མཐོ་རིམ་སློབ་མ་དང་་༧རྒྱལ་དབང་ཀརྨ་པའི་བར་བགྲོ་གླེང་འཚོགས་པ།
ཕྱི་ཟླ་༥ ཚེས་༢༩ ནས་ཕྱི་ཟླ་༦ ཚེས་༡༦ བར་དྷ་སར་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་རྒྱ་གར་ནང་དུ་སློབ་སྦྱོང་བྱེད་བཞིན་པའི་ཞིབ་འཇུག་པ་དང་། མཐོ་རིམ་རབ་འབྱམས་པའི་སློབ་གཉེར་བ་རྣམས་དང་ལྷན་དུ་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་དང་། དེ་བཞིན་དབུལ་ཕོངས། ངོ་རྟགས་སོགས་ཀྱི་ཐོག་བགྲོ་གླེང་གནང་གི་ཡོད་པ་རེད།
ཕྱི་ཟླ་༥ ཚེས་༢༩ ནས་ཕྱི་ཟླ་༦ ཚེས་༡༦ བར་དྷ་སར་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་རྒྱ་གར་ནང་དུ་སློབ་སྦྱོང་བྱེད་བཞིན་པའི་ཞིབ་འཇུག་པ་དང་། མཐོ་རིམ་རབ་འབྱམས་པའི་སློབ་གཉེར་བ་རྣམས་དང་ལྷན་དུ་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་དང་། དེ་བཞིན་དབུལ་ཕོངས། ངོ་རྟགས་སོགས་ཀྱི་ཐོག་བགྲོ་གླེང་གནང་གི་ཡོད་པ་རེད།
དེ་ཡང་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེས་སྔ་ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱལ་ས་ལྡི་ལིར་བོད་ཀྱི་མཐོ་རིམ་སློབ་གཉེར་བ་བརྒྱ་ལྷག་དང་ལྷན་དུ་གཞོན་ནུའི་འགོ་འཁྲིད་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་མཛད་རྗེས། རྒྱ་གར་ནང་དུ་མཐོ་རིམ་སློབ་གཉེར་བ་རྣམས་དང་མུ་མཐུད་ནས་བགྲོ་གླེང་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་ལྟར། ཀུན་སྐྱོང་ཐེབས་རྩ་ཁང་གི་གོ་སྒྲིག་འོག ཕྱི་ཟླ་༥ ཚེས་༢༩ ནས་ཕྱི་ཟླ་༦ ཚེས་༡༦ བར་བགྲོ་གླེང་དེ་འཚོགས་ཡོད་པ་དང་། ལས་གཞི་འདིའི་དགོས་དམིགས་ནི། དཔལ་༧རྒྱལ་དབང་ཀརྨ་པས་དུས་རབས་ཉེར་གཅིག་པའི་དཀའ་ངལ་སེལ་བའི་ཆེད་དུ་གཞོན་སྐྱེས་རྣམས་དང་མཉམ་ལས་དགོས་རྒྱུར་ནན་བསྐུལ་མཛད་ཀྱི་ཡོད་པ་མ་ཟད། གཞོན་སྐྱེས་ཚོས་དཀའ་ངལ་འདི་དག་གི་ཐོག་ལ་འགན་ལེན་ཅི་ཆེ་ལེན་དགོས་པའི་བསྐུལ་མ་ཡང་མཛད་རྒྱུའི་ཆེད་དུ་ཡིན་འདུག ལས་གཞི་འདིས་སྐུ་སྒེར་གྱི་ངོས་ནས་ད་ལྟའི་འཛམ་གླིང་འདིའི་དཀའ་ངལ་སེལ་ཐབས་སུ་ནང་པ་སངས་རྒྱས་པའི་ལྟ་གྲུབ་ཀྱི་ཐོག་ནས་ལྟ་སྟངས་གསར་པ་ཞིག་འཚོལ་ཐབས་སུ་ཐུགས་སྣང་མཛད་ཀྱི་ཡོད་འདུག
དཔལ་༸རྒྱལ་དབང་ཀརྨ་པ་དང་མཐོ་རིམ་སློབ་གཉེར་བ་ཚོས་ཉིན་རེར་བརྗོད་གཞི་ངོ་རྟགས། ཕྱོགས་རིས། ཕོ་མོ་འདྲ་མཉམ་དང་བེུད་ཀྱི་ནུས་སྟོབས་གོང་འཕེལ། འགོ་འཁྲིད། ཤེས་ཡོན། ཁོར་ཡུག རྫས་སྤྱོད་རིང་ལུགས། དབུལ་ཕོངས་ཀྱི་དཀའ་ངལ། ལས་མེད། རང་ཤི ཁོང་ཁྲོ་བཏང་འཛིན་བཅས་ཡིན་འདུག
ཚོགས་ཐེངས་དང་པོའི་སྐབས་སུ། དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ནས་སློབ་གཉེར་བ་ཚོར། རང་ཉིད་ཀྱི་རིག་གཞུང་ལ་རིན་ཐང་དང་དོན་སྙིང་ཆེན་པོ་མཐོང་བའི་སྒོ་ནས་བོད་མིའི་ངོ་རྟགས་སྲུང་སྐྱོབ་ལ་འབད་བརྩོན་དགོས་སྐོར་གསུང་དོན། “བོད་ཀྱི་ཆོས་དང་། སྐད་ཡིག རིག་གཞུང་སྲུང་སྐྱོབ་བྱ་དགོས་ཞེས་པའི་སྔོན་ལ། ཆོས་དང་སྐད་ཡིག རིག་གཞུང་འདི་དག་སྲུང་སྐྱོབ་བྱ་དགོས་པ་གལ་ཆེན་ཡིན་ཚུལ་གྱི་རྒྱུ་མཚན་ཤེས་པ་དགོས། གལ་ཏེ་རྒྱུ་མཚན་འདི་དག་གསལ་པོར་ཤེས་རྟོགས་བྱུང་ན། དངོས་སུ་སྲུང་སྐྱོབ་བྱ་རྒྱུ་ནི་ལས་སླ་པོ་ཆགས་རྒྱུ་རེད།” ཅེས་གསུངས་ཡོད་པ་རེད།
ཚོགས་ཞུགས་པ་མཐོ་རིམ་སློབ་མ་རྣམས་ནི། རྒྱ་གར་གྱི་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་གི་ནང་སྤྱི་ཚོགས་ཚན་རིག་དང་། དཔལ་འབྱོར་རིག་པ། རྒྱལ་སྤྱིའི་འབྲེལ་ལམ། སྲིད་དོན་ཚན་རིག རྩོམ་རིག ལྟ་གྲུབ། དེང་དུས་ཀྱི་བྱུང་རབས། དཔེ་མཛོད་ཚན་རིག དེ་བཞིན་སྨན་ཞབས་ཆེད་ལས་བཅས་ཀྱི་ཐོག་མཐོ་རིམ་རབ་འབྱམས་དང་། འབུམ་རམས་པའི་གནས་ཚད་ཐོག་སློེབ་གཉེར་གནང་མཁན་ཡིན་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།