མདུན་བསྐྱོད་མེད་ན་རྒྱབ་སྐྱོར་མེད།
ད་ལྟ་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་གནད་དོན་ཆེ་ཤོས་ཀྱི་རིགས་ལ་ཚོར་བ་དེ་ཙམ་མེད་པ་ལྟ་བུར་འགྱུར་བཞིན་ཡོད་ལ། སྐབས་རེ་གནས་ཚུལ་ཆུང་ཙག་རེ་བྱུང་ཚེ་ཚོར་བ་ཧ་ཅང་རྣོ་བའི་རྣམ་པ་ཞིག་ཀྱང་མངོན་ཡོང་གི་ཡོད། སྤྱིར་བདེ་སྡུག་གི་ཚོར་བ་མེད་པའི་མི་ནི། བཟང་ཕྱོགས་ནས་བཤད་ན་སངས་རྒྱས་ལྟ་བུ་རེད་ཅེས་བརྗོད་ཆོག་ལ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༥༤ ཕྱི་ལོ་ ༢༠༡༩/༦ /༥
ད་ལྟ་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་གནད་དོན་ཆེ་ཤོས་ཀྱི་རིགས་ལ་ཚོར་བ་དེ་ཙམ་མེད་པ་ལྟ་བུར་འགྱུར་བཞིན་ཡོད་ལ། སྐབས་རེ་གནས་ཚུལ་ཆུང་ཙག་རེ་བྱུང་ཚེ་ཚོར་བ་ཧ་ཅང་རྣོ་བའི་རྣམ་པ་ཞིག་ཀྱང་མངོན་ཡོང་གི་ཡོད། སྤྱིར་བདེ་སྡུག་གི་ཚོར་བ་མེད་པའི་མི་ནི། བཟང་ཕྱོགས་ནས་བཤད་ན་སངས་རྒྱས་ལྟ་བུ་རེད་ཅེས་བརྗོད་ཆོག་ལ། སྡུག་ཕྱོགས་ནས་བཤད་ན་མི་དེ་ལྟ་བུ་ནི་བེམ་པོ་ལྟ་བུ་རེད་ཅེས་བརྗོད་ཀྱང་ཆོག གང་ལྟར་མི་ཞིག་ཡིན་ཕྱིན་ཆད་ནས་བདེ་སྡུག་གི་ཚོར་བ་ཡོད་དགོས་པ་མ་ཟད། ཡོད་ངེས་ཀྱང་རེད། བདེ་སྡུག་གི་ཚོར་བ་ཕྱི་ལ་མངོན་སྟངས་མངོན་གསལ་དོད་མིན་ཅུང་མི་འདྲ་བ་ཙམ་གྱི་ཁྱད་པར་ཕྲན་བུ་རེ་ཡོད་པ་ལས། སྤྱི་ཡོངས་ནས་གཅིག་མཚུངས་རེད། བོད་ཀྱི་གནད་དོན་ཐོག་ལའང་བོད་པ་རྣམས་ཚོར་བ་ཆེན་པོ་ཡོད་དགོས་པ་ཞིག་ཡིན་ནའང་། ད་ལྟའི་དུས་འདིར་སྔོན་དང་མི་འདྲ་བར་ཚོར་བ་ཅུང་བརླག་འགྲོ་གི་མེད་དམ་སྙམ་པ་ལྟ་བུའི་གནས་སྟངས་མཐོང་རྒྱུ་འདུག དེ་ནི་རྩ་དོན་འཐབ་རྩོད་སོགས་ལས་དོན་གང་དང་གང་ཡིན་ཡང་ཚོར་བ་ཡོད་པའི་ཐོག་ནས་བསྒྲུབ་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད།
ད་ལན་སྐབས་སུ་བབ་པ་ཉེ་ཆར་རྒྱ་གར་གྱི་སྲིད་བློན་དམ་འབུལ་སྐབས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་དབུ་འཁྲིད་མགྲོན་འབོད་བྱས་མེད་པ་སོགས་ལ་བསམ་ཚུལ་འདོན་མཁན་ཁག་ཅིག་འདུག དེ་ནི་ཕྱོགས་གཅིག་ནས་གལ་ཆེན་པོ་ཡིན་ནའང་། བོད་པ་རང་ངོས་ནས་གོ་སྐབས་ཤིག་བྱུང་ན་རྒྱ་ནག་དམར་གཞུང་གི་འོག་ཏུ་སྡོད་རྒྱུའི་གྲ་སྒྲིག་ཆ་ཚང་ཡོད་བཞིན་དུ། རྒྱལ་ཁབ་གཞན་དང་མི་རིགས་གཞན་ཞིག་གིས་ང་ཚོ་ལ་རྒྱལ་ཁབ་ལྟ་བུའི་ངོས་འཛིན་མ་བྱས་པར་ཚོར་བ་སྟོན་པ་ནི་དོན་དངོས་ལ་བསམ་བློ་མ་བཏང་བ་ཞིག་རེད། ང་རང་ཚོས་རྒྱ་དམར་གཞུང་ལ་ཁ་གཏད་དང་། མ་འོངས་པར་རང་ས་རང་བདག་བྱ་རྒྱུའི་བསམ་བློ་དང་དམིགས་ཡུལ། འཆར་གཞི་ཆ་ཚང་བ་ཞིག་ཡོད་བཞིན་དུ་རྒྱལ་ཁབ་གཞན་ཞིག་གིས་དེ་ལ་མོས་མཐུན་རྒྱབ་སྐྱོར་མ་བྱས་ན། སྐབས་དེ་དུས་ང་ཚོས་ཚོར་བ་སྟོན་དགོས་པ་མ་ཟད། སྐབས་རེ་ཁྲོམ་གཞུང་དུ་ཐོན་ནས་ངོ་རྒོལ་ཡང་བྱེད་དགོས་ངེས་རེད། འོན་ཀྱང་ང་རང་ཚོས་མ་འོངས་པར་བོད་རྒྱལ་ཁབ་ཅིག་བྱ་རྒྱུའི་རེ་བ་དང་འཆར་གཞི་མེད་པར་གཞན་གྱིས་དེ་ལྟར་བྱེད་པའི་རེ་བ་ནི་སྟོང་པ་རེད། རྒྱལ་ཁབ་སུ་ཡིན་ཡང་ཆབ་སྲིད་ཀྱི་དགོས་དམིགས་གཙོ་བོ་ནི་ངའི་རྒྱལ་ཁབ་དང་། ངའི་མི་རིགས་ཡིན་པ་ལས། མཁའ་ཁྱབ་སེམས་ཅན་ཞེས་བརྗོད་མཁན་ཡོད་སྲིད་ཀྱང་། དོན་དུ་གཏམ་བརྗོད་དེ་ལྟ་བུ་ནི་ཁ་གཡང་ཙམ་ལས་དོན་དངོས་གཏན་ནས་ཡིན་མི་སྲིད། དེར་བརྟེན་རྒྱལ་ཁབ་སོ་སོའི་ཆབ་སྲིད་ཀྱི་ཁེ་ཕན་ནང་བོད་དོན་ལ་རྒྱབ་སྐྱོར་བྱས་ན་རྒྱལ་ཁབ་དེ་ལ་ཁེ་ཕན་ཡོད་དང་། བོད་དོན་ལ་རྒྱབ་སྐྱོར་མ་བྱས་ན་ཁེ་ཕན་ཆེ་བ་ཡོད་ཡང་ལྗིད་གཞལ་ནས་བསམ་བློ་གཏོང་དགོས་པ་ཞིག་ཡིན་པས། རྒྱལ་ཁབ་ཁ་ཤས་དང་། སྲིད་དོན་པ་ཁ་ཤས་ཀྱིས་བོད་རང་བཙན་ལ་གནས་སྐབས་རྒྱབ་སྐྱོར་བྱེད་སྲིད་པ་དང་། རེ་ཟུང་གིས་དབུ་མའི་ལམ་ལ་གནས་སྐབས་རྒྱབ་སྐྱོར་ཡང་བྱེད་སྲིད་པ་རེད། གང་ལྟར་ང་ཚོས་ཀྱང་མི་དགོས་ཟེར་བ་ཞིག་གཞན་ཞིག་གིས་ཁྱེད་ཚོ་ལ་ངེས་པར་དུ་དགོས་པ་རེད་ཅེས་བརྗོད་དཀའ་ལ། གལ་སྲིད་བརྗོད་མཁན་ཡོད་ནའང་དེ་དུས་བོད་དོན་ལ་ཤ་ཚ་གཅིག་པུ་མ་ཡིན་པར་རྒྱབ་ལྗོངས་གཞན་དག་ཅིག་ཀྱང་ཡོད་སྲིད། རྒྱལ་ཁབ་སོ་སོའི་ཆབ་སྲིད་ཀྱི་ཁེ་ཕན་དང་བསྟུན་ནས་ང་ཚོར་དགོས་པའི་གོ་སྐབས་ང་ཚོས་དེ་ལེན་ཐུབ་དགོས།
དེར་བརྟེན་ང་རང་ཚོས་རྒྱ་ནག་དམར་གཞུང་གི་དཔོན་རིགས་ལ་བརྩི་བཀུར་དང་། རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་རྩོད་བཞིན་པའི་དམིགས་ཡུལ་ལ་མཚོན་ན། རྒྱབ་སྐྱོར་ཡང་དེ་ལུགས་ཀྱིས་བྱེད་པ་ལས་ཐམས་ལམ་གཞན་མེད། གལ་སྲིད་རྒྱ་ནག་གཞུང་ལ་ཁ་གཏད་གཅོག་དགོས་པའི་སྲིད་གཞུང་ཞིག་གིས། བོད་རང་བཙན་སླར་གསོ་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་ཀྱང་། ང་ཚོ་ཇི་ལྟར་མདུན་དུ་བསྐྱོད་བཞིན་ཡོད་པ་དེ་ལུགས་ཀྱིས་ང་ཚོར་རྒྱབ་ནས་སྐྱོར་བ་ལས། མི་རིགས་གཞན་པ་ཞིག་དང་། རྒྱལ་ཁབ་གཞན་ཞིག་ང་ཚོའི་མདུན་ནས་འཐེན་མཁན་དུ་ཡོང་རྒྱུ་ཧ་ཅང་ཁག་པོར་གྱུར་ཡོད། ལྷག་པར་དུ་ད་ལྟ་རྒྱ་དམར་གཞུང་དབང་ཤུགས་དང་། གཙོ་བོ་དཔལ་འབྱོར་དང་མི་འབོར་གྱི་སྟོབས་ཤུགས་ལ་བརྟེན་ནས་གཞན་གྱི་ཁ་གཏད་དུ་འགྱུར་བཞིན་པའི་སྐབས་ཡིན་སྟབས། ང་ཚོ་མདུན་དུ་ཐོན་ཐུབ་ན་རྒྱབ་ནས་སྐྱོར་མཁན་རག་ངེས་ཀྱང་། ང་རང་ཚོས་མདུན་དུ་བལྟ་ཙམ་ཡང་མི་བྱེད་པར་རྒྱབ་བཤིག་ཁོ་ན་རྒྱག་བཞིན་པར་གཞན་གྱིས་རྒྱབ་ནས་བསྐྱོར་མ་སོང་སྙམ་པའི་བསམ་བློ་ནི། ཕྱོགས་གང་ནས་བསམ་ཡང་རྒྱུ་མཚན་མེད་པ་ཞིག་རེད།
མདོར་ན་བོད་པའི་ངོས་ནས་དགྲ་དང་གཉེན་གྱི་དབྱེ་བ་ནོར་མི་རུང་བ་དང་། རང་དང་གཞན་གྱི་འགན་འཁྲི་འཛོལ་མི་རུང་བ་ནི་གལ་ཆེ་ཤོས་ཡིན་ཞིང་། ང་རང་ཚོས་རྒྱ་དམར་གཞུང་ལ་བསྟུན་མཁས་དང་འཆམ་མཐུན་བྱ་རྒྱུའི་གྲ་སྒྲིག་བྱས། གཞན་ཞིག་གིས་ང་ཚོའི་ཆེད་དུ་རྒྱ་དམར་གཞུང་ལ་ཁ་གཏད་གཅོག་དགོས་པའི་རེ་བ་རྒྱག་པ་དང་། ཁ་གཏད་བཅགས་མ་སོང་སྙམ་པའི་སྡུག་ཡུས་བརྗོད་མི་འོས་པར། དང་པོ་རང་ཉིད་ཀྱི་བསམ་བློ་དང་འཆར་གཞི། རེ་བ་བཅས་ལ་ཞུ་དག་ཅིག་བྱས་ཏེ། གཞི་ནས་གཞན་ལ་རེ་བ་བཅོལ་ན་འོས་ཤིང་འཚམས་པ་ཞིག་ཡིན། གཞན་ང་ཚོ་ལ་རྡོ་སྣུམ་སོགས་བེད་སྤྱོད་ཆེ་བའི་གཏེར་ཁ་ཕུན་སུམ་ཚོགས་པ་ཞིག་ཡོད་ན། དེ་ལ་རྔམས་ནས་སྟོབས་ཆེན་རྒྱལ་ཁབ་ཁག་གིས་རྒྱབ་ནས་སྐྱོར་ངེས་པ་མ་ཟད། མདུན་ནས་ཀྱང་འཐེན་ངེས་རེད་དེ། དོན་དམ་པར་བོད་པར་རྡོ་སྣུམ་སོགས་སྤྱི་ཚོགས་ཁྱོན་ཡོངས་ལ་བྲིན་རྒྱུག་ཆེ་བའི་གཏེར་ཁ་རྒྱ་ཆེན་པོ་ནི་དེ་ཙམ་མེད་པས། བོད་དོན་འཐབ་རྩོད་ཀྱི་ཆེད་དུ་ང་ཚོ་མདུན་དུ་ཐོན་མ་ཐུབ་ན་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་ནས་སྐྱོར་མཁན་ཞིག་ཧ་ཅང་རག་དཀའ་སྙམ།།