མདོ་ཁམས་ཆུ་བཞི་སྒང་དྲུག་རྒྱལ་ཡོངས་ཚོགས་ཆེན་ཐེངས་༢༠ པའི་གྲོས་གཞི་གྲོས་ཆོད།
བོད་ རྒྱལ་ལོ་ ༢༡༤༡ ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༡༦ ནས་ ༡༩ བར་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་དོན་གྲུབ་གླིང་གཞིས་ཁོངས་སུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱལ་ཡོངས་ཚོགས་ཆེན་ཐེངས་༢༠ པ་དང་། འགན་འཛིན་ལྷན་ཚོགས་ཐེངས་༤༤ པ་ལྷན་ཅིག་ཏུ་བསྐྱངས་པའི་གྲོས་གཞི་གྲོས་ཆོད་ཁག་གཤམ་གསལ།
བོད་ རྒྱལ་ལོ་ ༢༡༤༡ ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༡༦ ནས་ ༡༩ བར་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་དོན་གྲུབ་གླིང་གཞིས་ཁོངས་སུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱལ་ཡོངས་ཚོགས་ཆེན་ཐེངས་༢༠ པ་དང་། འགན་འཛིན་ལྷན་ཚོགས་ཐེངས་༤༤ པ་ལྷན་ཅིག་ཏུ་བསྐྱངས་པའི་གྲོས་གཞི་གྲོས་ཆོད་ཁག་གཤམ་གསལ།
དང་པོ།) གྲོས་གཞི།
བོད་ མིའི་བླ་ན་མེད་པའི་དབུ་ཁྲིད་འཇིག་རྟེན་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸ སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་སྲུང་སྐྱོབ་དང་འབྲེལ་བའི་སྐོར་ལ་དེ་སྔོན་གྱི་ཚོགས་ཆེན་ཁག་དང་། འགན་འཛིན་ལྷན་ཚོགས་རིམ་པའི་ནང་གོ་བསྡུར་ཞིབ་ལྷུག་གིས་འབྲེལ་ཡོད་རྒྱ་གར་དབུས་སའི་གཞུང་དང་། བདེ་སྲུང་ལས་ཁུངས་བཅས་སུ་སྐབས་བབ་སྙན་གསན་དང་འབྲེལ་རང་རེ་མདོ་ཁམས་རྒྱ་ཆེའི་མང་ཚོགས་རྣམས་ནས་ཀྱང་༸གོང་ས་མཆོག་ས་གནས་སུ་ཆིབས་བསྒྱུར་སྐབས་སྐུའི་ཉེན་ སྲུང་ཐོག་ཕྱི་ནང་གསང་གསུམ་ནས་དོ་སྣང་དང་། འགན་ཁུར་བྱ་རྒྱུ་དང་། སྐུ་ཕྱྭའི་ཞབས་རིམ་གསོག་བསྒྲུབ་བྱ་རྒྱུ་སོགས་གྲོས་ཆོད་རིམ་བཞག་རྣམས་གསལ་འདེབས་དང་འབྲེལ་མ་འོངས་སྔར་ལྷག་གནང་ཕྱོགས་ཇི་ཡོད་སྐོར།
དང་པོ།) གྲོས་ཆོད།
༸ གོང་ས་མཆོག་ནི་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོར་བཞུགས་པ་ཙམ་དུ་མ་ཟད། རང་རེ་ཁ་བ་ཅན་གྱི་བླ་ན་མེད་པའི་དབུ་ཁྲིད་དེ་ཡིན་དུས། ཁོང་གི་སྐུ་ཕྱྭ་ནི་འཛམ་གླིང་སྤྱི་དང་བོད་ཀྱི་བདེ་དོན་ཐད་ཧ་ཅང་གལ་ཆེན་ཞིག་ཡིན་སྟབས། རང་རེ་མདོ་ཁམས་པའི་ངོས་ནས་ཀྱང་རང་ནུས་གང་ཡོད་ཐོག་ཞབས་རིམ་གསོག་སྒྲུབ་ཀྱིས་མཚོན་སྐུ་ཕྱྭའི་ཉེན་སྲུང་བྱ་རྒྱུ་སྤྱི་དང་། ཁོང་གི་མཛད་ཕྲིན་འཛམ་གླིང་ཐ་གྲུ་ཀུན་ཏུ་ཁྱབ་པའི་དུས་བཟང་ཁྱད་པར་ཅན་འདིར་དོལ་རྒྱལ་ཚོགས་པས་ཉེར་འཚེའི་བྱ་ངན་རྩོམ་བཞིན་པ་འདི་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་། ལྷག་དཀར་སྲུང་བརྩི་སོགས་གནང་གལ་ཆེ་བར་མཐོང་ལ། དེ་བཞིན་སེམས་འཚབ་ཆེན་པོའི་ཐོག་འབྲེལ་ཡོད་རྒྱ་གར་གཞུང་དང་། རང་གཞུང་བདེ་སྲུང་ལས་ཁུངས་སོགས་སུ་སྐུའི་ཉེན་སྲུང་ཐད་གཟབ་ནན་དགོས་ཚུལ་ཀྱི་ སྙན་སེང་རིམ་ཞུ་དགོས་རྒྱུ།
༢) གྲོས་གཞི།
བོད་གངས་ཅན་པའི་བསྟན་སྲིད་མི་རིགས་ཀྱི་ཆེད་གཞིས་བཞུགས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་རང་ལུས་མེར་སྲེག་གིས་མཚོན་ཆབ་སྲིད་ཀྱི་ལས་འགུལ་དང་། རིག་གཞུང་བདག་གཅེས། ཁོར་ཡུག་སྲུང་སྐྱོབ་སོགས་དང་འབྲེལ་བའི་ཐོག་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་བར་རྒྱ་གཞུང་གིས་དམར་གསོད་དང་བཙོན་འཇུག སྡུག་སྦྱོང་མནར་གཅོད་སོགས་བཏང་དང་གཏོང་བཞིན་པའི་ཛ་དྲག་གི་གནས་ཚུལ་སྐོར་ལ་གདུང་སེམས་མཉམ་སྐྱེད་དང་ང་ཚོའི་ངོས་ནས་གནང་ཕྱོགས་ཇི་ཡོད་སྐོར།
༢) གྲོས་ཆོད།
གཞིས་བཞུགས་བོད་མིའི་ཁོངས་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་སླད་དུ་རང་སྲོག་ཚུན་ཆོད་མངོན་སུམ་འཛེམ་མེད་ཐོག་བློས་གཏོང་གནང་སྟེ། རང་ལུས་མེར་སྲེག་གིས་མཚོན་པའི་ཛ་དྲག་ལས་འགུལ་སྤེལ་བཞིན་པ་དག་ལ་མྱ་ངན་གུས་འདུད་དང་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང་། དེ་ལྟར་སེམས་ཚོར་ཆེན་པོའི་ཐོག་འདས་མཆོད་རྗེས་དྲན་ཞུ་སྒོ་ཁག་ལ་མཉམ་ཞུགས་བྱ་རྒྱུའི་མཚོན། བསྔོ་སྨོན་མཆོད་འབུལ་གང་ཐུབ་ཞུ་རྒྱུ། དེ་ལས་ཀྱང་སྔོན་གཤེགས་རྒྱལ་གཅེས་དཔའ་བོ་དཔའ་མོ་དམ་པ་དེ་དག་གི་ལོ་རྒྱུས་ཆེད་དེབ་ཅིག་འདོན་ཐུབ་དགོས་རྒྱུས་མ་ཚད། ས་གནས་གལ་ཆེན་ཞིག་ཏུ་རྗེས་དྲན་རྡོ་རིང་ཞིག་བཞེངས་ཐུབ་ཐབས་གནང་དགོས་རྒྱུ།
༣) གྲོས་གཞི།
མདོ་ ཁམས་ཆུ་བཞི་སྒང་དྲུག་དབུས་ས་སོ་སོའི་ལས་བསྡོམས་དང་། རྩིས་ཁྲ་སྙན་སྒྲོན་སོགས་ལས་འཕྲོས་ཏེ་མ་འོངས་ལས་དོན་སྔར་ལྷག་ཚགས་ཚུད་དང་། དབུས་སའི་འབྲེལ་ལམ་རྒྱ་བསྐྱེད། དམིགས་བསལ་མདོ་ཁམས་རྒྱ་ཆེའི་མང་ཚོགས་རྣམས་ལ་འདས་པའི་བྱུང་རབས་དང་། ད་ལྟའི་གནས་བབ། མ་འོངས་ཕྱར་གྲུ་མཉམ་འདེགས་ཡོང་ཕྱོགས་སོགས་ཀྱི་སྐོར་མཁྱེན་རྟོགས་ཆེད་ཐབས་ལམ་ གང་དགེའི་སྐོར།
༣) གྲོས་ཆོད།
དབུས་ ས་གཉིས་ཐད་ཀྱི་རྩིས་ཕྲ་དང་ལས་བསྡོམས་ཞིབ་ཕྲ་ཞུས་པ་ཁག མང་ཚོགས་དང་སྒྲིག་འཛུགས་འདིའི་དགོས་པ་དང་དམིགས་ཡུལ་ལྟར་ཡག་པོ་བྱུང་འདུག་པར་བཀའ་དྲིན་ཆེ་ཞུ་དང་། མ་འོངས་པའང་འདི་བཞིན་ཚགས་ཚུད་དོ་ནན་ཡོང་བར་དགོས་རྒྱུ། དེ་བཞིན་སྐབས་མཚམས་སུ་རིས་མེད་ས་གནས་སོ་སོར་མཚམས་གཟིགས་ཕེབས་ཐུབ་ཚེ། དབུས་སའི་བར་གྱི་འབྲེལ་བ་སྤྱི་དང་། ས་གནས་ས་ཐོག་གི་དཀའ་ངལ་རིམ་པ་ཁག་མཁྱེན་རྟོགས་ཡོང་རྒྱུ་སོགས་ཀྱི་དགེ་མཚན་ ཡོང་བར་འདུག་པས་དེ་ལུགས་གནང་ཐབས་དགོས་རྒྱུ།
༤) གྲོས་གཞི།
མ་འོངས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་སོན་རྩ་ཉག་གཅིག་བོད་ཕྲུག་རྣམས་ཀྱི་ཤེས་ཡོན་ལ་རམ་འདེགས་སླད་ད་དབར་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་མཐོ་སློབ་ཀྱི་སློབ་མ་གང་འཚམས་ཤིག་ལ་སློབ་ཡོན་གྱི་མཐུན་རྐྱེན་འབུལ་བཞིན་པའི་སྐོར་ལ་ཡར་རྒྱས་གཏོང་ཕྱོགས་དང། རྒན་རབས་རྣམས་ཀྱི་བཀའ་དྲིན་རྗེས་དྲན་ཆེད་ཆུ་སྒང་དགེ་རྩ་ཚོགས་པ་གསར་འཛུགས་ཀྱིས་ཕྱི་མི་སོགས་ལ་རེ་ཞུས་མི་དགོས་པར་རང་རིགས་ནང་ཁུལ་ནས་རྒན་རབས་ཉམ་ཐག་མི་གྲངས་ ༡༠༠ ཐམ་པར་འཚོ་སྣོན་འབུལ་རྒྱུའི་ཐབས་ལམ་གསར་སྐྲུན་ཞུས་ཡོད་པའི་སྐོར་བཅས་ལ་ད་དུང་ལེགས་ཕྱོགས་ཀྱི་གནང་ལམ་ཇི་ཡོད་སྐོར།
༤) གྲོས་ཆོད།
སྒྲིག་འཛུགས་འདི་ནི་རྩ་བའི་མི་རབས་རྒན་པ་རྣམས་པའི་དམིགས་ཡུལ་རྒྱུན་འཛིན་དང་། རྒྱ་ཆེའི་མང་ཚོགས་ཀྱི་བདེ་རྩ་སོགས་ཀྱི་ཆེད་དུ་བཙུགས་པ་ཞིག་ཡིན་པ་ལྟར། ད་ལྟ་འགྲོ་བཞིན་པའི་དགེ་རྩ་ཚོགས་པའི་ལས་རིམ་དག་ཧ་ཅང་ཡག་པོ་འདུག་པས། འདི་བཞིན་ཚགས་ཚུད་ཐོག་ལས་དོན་མཇུག་སྐྱོང་ཐུབ་ཐབས་དགོས་རྒྱུ།
མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༢༠ པ་དང་། འགན་འཛིན་ལྷན་ཚོགས་ཐེངས་ ༤༤ པའི་ཚོགས་ཐོག་ནས་ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༡༨ ཉིན་གཏན་འབེབས་ཞུས།
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༡༨ ཉིན།