མདོ་སྨད་རྒན་རྒྱ་ས་གནས་སུ་རྩྭ་ཐང་སྲུང་སྐྱོབ་ཆེད་ངོ་རྒོལ།
ཉེ་ཆར་མདོ་སྨད་བླ་བྲང་རྒན་གྱ་ཡུལ་ཚོ། རིན་ཆེན་སྡེ་པའི་འབྲོག་པའི་རྩྭ་ཐང་ཐོག་རྒྱ་ནག་གཞུང་གིས་མི་མང་གི་མོས་མཐུན་མེད་བཞིན་དུ་གཞུང་ལམ་གསར་རྒྱག་བྱས་པར་མི་མང་གིས་ངོ་རྒོལ་བྱས་པར་བརྟེན། འབྲོག་མི་ཁག་ཅིག་རྒྱ་གཞུང་གིས་འཇུ་བཟུང་བཀག་ཉར་བྱས་པ་དང་། འབྲོག་པའི་མི་མང་གིས་ངོ་རྒོལ་བྱེད་ཀྱི་ཡོད་འདུག
ཉེ་ཆར་མདོ་སྨད་བླ་བྲང་རྒན་གྱ་ཡུལ་ཚོ། རིན་ཆེན་སྡེ་པའི་འབྲོག་པའི་རྩྭ་ཐང་ཐོག་རྒྱ་ནག་གཞུང་གིས་མི་མང་གི་མོས་མཐུན་མེད་བཞིན་དུ་གཞུང་ལམ་གསར་རྒྱག་བྱས་པར་མི་མང་གིས་ངོ་རྒོལ་བྱས་པར་བརྟེན། འབྲོག་མི་ཁག་ཅིག་རྒྱ་གཞུང་གིས་འཇུ་བཟུང་བཀག་ཉར་བྱས་པ་དང་། འབྲོག་པའི་མི་མང་གིས་ངོ་རྒོལ་བྱེད་ཀྱི་ཡོད་འདུག
དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སླེབས་པ་ལྟར་ན། ཟླ་འདིའི་ཚེས་མགོ་ཙམ་ནས་བོད་ཨ་མདོ་བསང་ཆུ་རྫོང་རྒན་གྱ་ཡུལ་ཚོ། རིན་ཆེན་སྡེ་པའི་རྩྭ་ཐང་ཐོག་རྒྱ་ནག་གིས་གཞུང་ལམ་གསར་རྒྱག་བྱས་པར། སྡེ་པ་དེའི་མང་ཚོགས་ཚོས་ཕྱུག་ཟོག་འཚོ་སའི་རྩྭ་ཐང་ཐོག་གཞུང་ལམ་བཟོས་ན། མང་ཚོགས་ཀྱི་འཚོ་རྟེན་ལ་གནོད་སྐྱོན་ཐེབས་ཀྱི་ཡོད་པས། གལ་སྲིད་ལམ་ཁ་བཟོ་དགོས་ན་ས་གནས་མི་མང་ལ་གུན་གསབ་སྤྲོད་དགོས་ཞེས་ངོ་རྒོལ་བྱས་ཡོད་འདུག
ཕྱི་ཟླ་༤ ཚེས་༢༧ ཉིན་རྒྱ་གཞུང་གིས་བླ་བྲང་རྒན་གྱ་རིན་ཆེན་སྡེ་པའི་བསོད་ནམས་རྒྱ་མཚོ་དང་སངས་རྒྱས་མཁར་གཉིས་འཛིན་བཟུང་བཀག་ཉར་བྱས་པར་བརྟེན། ཚེས་༢༨ ཉིན་རིན་ཆེན་སྡེ་པའི་མང་ཚོགས་མང་པོ་ལམ་ཁར་འཛོམས་ཏེ། འཛིན་བཟུང་བྱས་པའི་མི་གཉིས་གློད་གྲོལ་དང། མང་ཚོགས་ཀྱི་དགོས་འདུན་དང་ལེན་མ་བྱས་ན། བསང་ཆུ་རྫོང་སྲིད་གཞུང་སྒོ་རུ་ཉལ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག ཉེ་འགྲམ་གྱི་རྒན་གྱ་ས་ཁུལ་གྱི་སྡེ་པ་གཞན་དག་གི་མི་སྣ་དང་། རྒན་གྱའི་བྲག་དཀར་དགོན་པ། བླ་བྲང་བཀྲ་ཤིས་འཁྱིལ་དོ་དམ་ལྷན་ཁང་གི་མི་སྣ་སོགས་ཡོང་སྟེ། མང་ཚོགས་ལ་ཞུ་བ་བྱས་པ་དང་ཕན་ཚུན་བར་འདུམ་ཡོང་ཐབས་བྱེད་ཀྱི་ཡོད་འདུག
ཐོག་མར་སྲིད་གཞུང་གིས་ལམ་ཁ་གསར་བཟོ་བྱེད་སྐབས། ས་གནས་མང་ཚོགས་ལ་བསམ་འཆར་བསྡུས་ནས་གཅིག་གིས་ཀྱང་མོས་མཐུན་ས་རྟགས་བརྒྱབ་མེད་ནའང་། ལམ་ཁ་གསར་བཟོ་འགོ་བཙུགས་པར་བརྟེན། སྡེ་པའི་རྒན་གཞོན་མང་པོ་ལམ་བཟོའི་འཕྲུལ་ཆས་ཀྱི་སྔོན་དུ་ཉལ་ནས་ངོ་རྒོལ་བྱས་ཡོད་འདུག
ཕྱི་ཟླ་༤ ཚེས་༡༢ ཉིན་གན་རྒྱ་ཡུལ་ཚོའི་རིན་ཆེན་སྡེ་པའི་མང་ཚོགས་ཀྱིས་གལ་སྲིད་ད་ཐེངས་གཞུང་ལམ་དེ་བཟོ་རྒྱུ་ཡིན་ཚེ། ས་གནས་མང་ཚོགས་ལ་འཚོ་སྣོན་གུན་གསབ་སྤྲོད་དགོས་པའི་རེ་འདུན་དོན་ཚན་ ༧ ཅན་ཞིག་བཏོན་ཡོད་འདུག དགོས་འདུན་ཡི་གེ་དེའི་ནང་། ༡། ས་གནས་དེའི་མང་ཚོགས་ ༦༨༩ ལ་འཚོ་སྣོན་རོགས་དངུལ་སྤྲོད་དགོས་པ་དང་། ༢། གསར་དུ་རྒྱག་འཆར་ཡོད་པའི་རིང་ཚད་རྨུ་ ༢༠༠ ཅན་གྱི་གཞུང་ལམ་དེས་རྩྭ་སར་གནོད་པ་ཆེན་པོ་མི་འབྱུང་ཐབས་སུ་ཀ་བ་བཙུགས་ཏེ་ཟམ་པ་ལྟར་བསྐྲུན་དགོས་པ། ༣། སྡེ་པའི་ཁྱིམ་ཚང་ཡོང་ལ་རང་འབབ་ཆུའི་མཐུན་རྐྱེན་བསྐྲུན་དགོས་པ། ༤། ལམ་བཟོའི་གནོད་སྐྱོན་ཐེབས་ཡུལ་ཁྱིམ་ཚང་༥༠ ལ་སྡོད་ཁང་བསྐྱར་གསོ་དང་ཡང་ན་སྡོད་ཁང་བསྐྱར་གསོའི་རོགས་དངུལ་སྤྲོད་དགོས་པ། ༥། སྡེ་པའི་མ་ཎི་ཚོགས་ཁང་བསྐྱར་བཞེངས་བྱེད་དགོས་པ། ༦། སྡེ་པའི་ཁྱིམ་ཚང་ཡོངས་ལ་ཟོག་ལུག་འཇུག་སའི་ཕྱུགས་རྭ་བསྐྲུན་དགོས་པ། ༧། གཞུང་ལམ་སྤུས་ཚད་ལྡན་པ་ཞིག་བཟོ་དགོས་པ་དང་གཞུང་ལམ་སྟེང་འགྲིམ་འགྲུལ་མགྱོགས་ཚད་ཚོད་འཛིན་གྱི་བྱེད་ཐབས་སྤྱོད་དགོས་པ་སོགས་བཀོད་འདུག
དེ་སྔོན་ས་གནས་དེར་གཞུང་ལམ་ཞིག་ཡོད་ནའང་། དེ་ཟུར་དུ་བཞག་ནས་འབྲོག་པའི་རྩྭ་ཐང་ཐོག་གཞུང་ལམ་ཆེན་པོ་ཞིག་རྒྱག་འཆར་ཡོད་པ་རེད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།