མནར་གཅོད་ནི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་ཡིན་པས་ངོ་སྤྲོད་དགོས་རེད་གསུངས་སོང་།

ཟླ་འདིའི་ཚེས་༢༦ ཉིན་དྷ་ཤོད་བོད་ཁྱིམ་སློབ་གྲྭའི་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག རྒྱལ་སྤྱིའི་མནར་གཅོད་འགོག་པའི་ཉིན་མོ་ཐེངས་༢༢ པ་སྲུང་བརྩི་བྱས་ཡོད་པ་རེད།

མནར་གཅོད་འགོག་པའི་ཉིན་མོ་དེར་མནར་གཅོད་སྐོར་གྱི་པར་རིས་འགྲེམས་སྟོན་དང་སློབ་ཕྲུག་ཚོས་མནར་གཅོད་སྐོར་གྱི་རི་མོ་འབྲིས་པ་འགྲན་སྡུར་བྱེད་ཀྱི་ཡོད་པ་རེད། པར་རིས་འགྲེམས་སྟོན་དེའི་ནང་པར་༢༠༠ ལྷག་སྡེ་ཚན་དྲུག་ཅུར་བགོས་ནས་བོད་མི་བཙན་བྱོལ་དུ་གྱར་ནས་ལོ་དྲུག་འཁོར་བའི་མཚོན་ཐབས་བྱས་པའི་ནང་། དང་པོ་བོད་རང་བཙན་སྐབས་ཀྱི་བོད་ཀྱི་གནས་སྟངས་དང་། རྒྱ་ནག་གི་ཐོག་མའི་བཙན་འཛུལ་སྐབས། ༡༩༥༩ ལོའི་མི་མང་གི་ངོ་རྒོལ་ཡར་ལངས། རིག་གནས་གསར་རྗེ་སྐབས། གཅིག་དགུ་བརྒྱད་ཅུ་ནང་གི་མི་མང་ཡར་ལངས་ངོ་རྒོལ། ཉིས་སྟོང་བརྒྱད་ལོའི་མི་མང་ཡར་ལངས་ངོ་རྒོལ། རང་ལུས་མེར་སྲེག་གི་ངོ་རྒོལ་སོགས་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་སྡེ་ཚན་དྲུག་ཅུར་བགོས་ཡོད་པ་རེད།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཟླ་བ་བཀྲ་ཤིས་ཀྱིས་མནར་གཅོད་འགོག་སྲུང་ཉིན་མོ་ངོ་སྤྲོད་དང་། སློབ་མའི་ནང་ལས་འགུལ་དེ་སྤེལ་དགོས་དོན་སྐོར་ངོ་སྤྲོད་གནང་དོན། “ང་ཚོས་པར་རིས་འགྲེམས་སྟོན་དང་རི་མོའི་འགྲན་སྡུར་བྱས་ཏེ། རྒྱལ་སྤྱིའི་མནར་གཅོད་འགོག་པའི་ཉིན་མོ་ཐེངས་༢༢ པ་སྲུང་བརྩི་བྱེད་ཀྱི་ཡོད། ནང་དོན་གཙོ་བོ་ལོ་ངོ་དྲུག་ཅུའི་རིང་རྒྱ་ནག་གིས་བོད་ལ་མནར་གཅོད་སྡུག་སྦྱོང་བཏང་བའི་སྐོར་རེད། སློབ་མ་ཚོར་མནར་གཅོད་ཟེར་བ་ག་འདྲ་ཞིག་ཡིན་དང་དེའི་ཐོག་སོ་སོར་ཚོར་སྣང་དང་འཆར་སྣང་གང་ཡོད་ཀྱི་རི་མོ་འབྲི་ཐབས་བྱེད་བཞིན་ཡོད། སློབ་མ་ཚོ་ནི་མ་འོངས་པར་བོད་ཀྱི་བདག་པོ་དང་རེ་བ་བཅོལ་ས་རེད། མ་འོངས་པར་བོད་མི་རིགས་ག་རེ་བྱེད་མིན་ཁོང་ཚོའི་འགན་ཡིན་པས། འདས་པའི་བོད་ཀྱི་ལོ་རྒྱུས་ནང་མནར་གཅོད་དང་དཀའ་ངལ་མྱངས་པ་ངོ་སྤྲོད་བྱེད་དགོས་རེད། མནར་གཅོད་ནི་བོད་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་ཡིན་པས། དེ་ངོ་སྤྲོད་བྱས་ཏེ། ཁོང་ཚོར་རི་མོའི་ལམ་ནས་ཚོར་སྣང་དང་འཆར་སྣང་གང་ཡོད་པ་དེ་སྟོན་ཆེད་དུ་རེད་”ཅེས་གསུངས་སོང་།

སློབ་མ་ཆུང་ཆུང་ཁག་ཅིག་གིས་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ཏེ། བོད་མི་ཚོ་བྲོས་བྱོལ་དང་། དཀའ་ངལ་ཁག་སྤོ་པོ་སྨོ་མོ་ཚོས་བཤད་མྱོང་བ་དང་། མ་འོངས་པར་བོད་ཀྱི་སྐད་ཡིག་གོམས་གཤིས་རྒྱུན་འཛིན་དང་སློབ་གཉེར་ཡག་པོ་བྱས་ཏེ། བོད་མིའི་ཆེད་དུ་ལས་ཀ་བྱེད་རྒྱུ་ཡིན་སྐོར་གསུང་གི་འདུག

ད་ལྟ་བོད་ནང་ནས་བཙན་བྱོལ་དུ་ཡོང་མཁན་ཉུང་དུ་སོང་ཡོད་པས། ཆབ་སྲིད་བཙོན་པ་ཡང་རྒྱ་བར་འབྲུག་གསུམ་ནང་སྡོད་མཁན་མང་པོ་ལྷག་མེད་དང་། འཕྲོད་བསྟེན་ལས་ཁུངས་ནས་ཆབ་སྲིད་བཙོན་ཟུར་དང་། འབྲེལ་ཡོད། འབྲེལ་ཆགས་བཅས་ལ་འཚོ་སྣོན་དང་། སྨན་ཡོན་གྱི་མཐུན་རྐྱེན་སྤྲོད་བཞིན་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།