མཚོ་འགག་གཉིས་ཀྱི་གནད་དོན།

ཕྱི་ཟླ་༥ ཚེས་༤ རེས་གཟའ་ཟླ་བའི་ཉིན་ཐའེ་ཝན་གོ་མིན་ཏང་ཆབ་སྲིད་ཚོགས་པའི་ཚོགས་གཙོ་ཀྲུའུ་ལི་ལོན་དང། རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཞི་ཅིན་ཕིང་གཉིས་ཀྱིས་པེ་ཅིང་དུ་ཐུག་འཕྲད་བྱས་ཡོད་པ་དང།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༤༡ ཕྱི་ལོ་ ༢༠༡༥/༥/༦

ཕྱི་ཟླ་༥ ཚེས་༤ རེས་གཟའ་ཟླ་བའི་ཉིན་ཐའེ་ཝན་གོ་མིན་ཏང་ཆབ་སྲིད་ཚོགས་པའི་ཚོགས་གཙོ་ཀྲུའུ་ལི་ལོན་དང། རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཞི་ཅིན་ཕིང་གཉིས་ཀྱིས་པེ་ཅིང་དུ་ཐུག་འཕྲད་བྱས་ཡོད་པ་དང། ཕྱོགས་གཉིས་ཀྱིས་“གོ་གཉིས་”སྤྱི་མོས་གྲོས་ཆོད་དང་མཚོ་འགག་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་སོགས་ཀྱི་སྐོར་ལ་གྲོས་མོལ་བྱས་ཡོད་པ་རེད། གནད་དོན་འདི་ལ་བརྟེན་ནས་ཐའེ་ཝན་དང། རྒྱ་ནག་དབར་གྱི་དགྲར་འཛིན་གྱི་བསམ་བློ་དོར་ནས་འབྲེལ་ལམ་ཡག་ཏུ་སོང་བ་ཞིག་ཏུ་ངོས་འཛིན་བྱེད་དགོས་སམ། མ་འོངས་པར་གོ་མིན་ཏང་ཆབ་སྲིད་ཚོགས་པ་དང། གུང་ཁྲན་ཏང་ཆབ་སྲིད་ཚོགས་པ་གཉིས་མཉམ་འབྲེལ་གྱི་ཐོག་ནས་རྒྱ་ནག་གཅིག་གྱུར་ཡོང་བའི་སྔོན་བརྡ་ཞིག་ཏུ་ངོས་འཛིན་བྱེད་ཆོག ཡང་ན་ཕྱིའི་རྣམ་པ་ཙམ་ལས་དོན་དུ་འགྱུར་བ་གང་ཡང་སོང་མེད་པར་ངོས་འཛིན་བྱེད་དགོས་མིན་སོགས་ཀྱི་ཐོག་ལ་བསམ་ཞིབ་བྱེད་དགོས་པ་དེ་གལ་ཆེན་པོ་ཡིན། གནད་དོན་འདི་ནི་མ་འོངས་བོད་ཀྱི་ལས་དབང་དང་ཡང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཏུ་གྱུར་ཡོད།

སྤྱི་ཚོགས་ཀྱི་རྨང་གཞིའི་ཐོག་ནས་བཤད་ན་ཐའེ་ཝན་དང་རྒྱ་ནག་གཉིས་ཀྱི་མི་མང་གི་ངོས་ནས་ཤ་ཁྲག་གཅིག་ལས་མཆེད་པའི་མི་རིགས་ཡིན་ནའང། ལོ་རྒྱུས་ཀྱི་གནད་དོན་དང་འབྲེལ་བའི་དགྲ་ཟླའི་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་དང། རྒྱ་ནག་གི་ངོས་ནས་གོ་མིན་ཏང་ཚོགས་པ་མ་རབས་ཐ་ཤལ་ཡིན་པ་རྒྱབ་ལྗོངས་སུ་བྱས་པའི་མུ་འབྲེལ་གློག་བརྙན་རིགས་མི་འདྲ་བ་མང་པོ་བཟོ་སྐྲུན་བྱས་ནས་སྤྱི་ཚོགས་ནང་བཀྲམ་དང་འགྲེམས་བཞིན་ཡོད་པ་མ་ཟད། འཇར་འགོག་དམག་འཁྲུག་སྐབས་ཀྱི་གློག་བརྙན་ཁག་ཏུའང་གོ་མིན་ཏང་ཚོགས་པས་མ་འགྲིག་པ་དང་ནོར་འཁྲུལ་བྱས་པའི་སྐོར་ཞོར་དུ་བསྟན་ནས། རྒྱ་ནག་གི་སྤྱི་ཚོགས་ནང་གོ་མིན་ཏང་ཚོགས་པ་དེ་ཉིད་མ་རབས་ཐ་ཤལ་ཡིན་པའི་དྲིལ་བསྒྲགས་རིང་ཐུང་སྣ་ཚོགས་ཤིག་སྤེལ་བཞིན་ཡོད་པ་རེད། འཛམ་གླིང་སྤྱི་ཡོངས་ཀྱི་གནས་སྟངས་ལ་རྒྱུས་ལོན་བྱ་རྒྱུར་བཀག་སྡོམ་ཆེ་བའི་རྒྱ་མི་རིགས་ལ་མཚོན་ན། དྲིལ་བསྒྲགས་དང་འབྲེལ་བའི་གློག་བརྙན་དེ་དག་གིས་ཀྱང་ཤུགས་རྐྱེན་ཐེབས་ངེས་ཡིན་པ་ནི་བཤད་མ་དགོས་པ་རེད།

ཐའེ་ཝན་མི་མང་གི་ངོས་ནས་བཤད་ཀྱང་གོ་མིང་ཏང་ཚོགས་པས་རྒྱ་ནག་གཞུང་དང་འབྲེལ་བ་བྱེད་རྒྱུ་མང་དྲགས་པའམ། རྒྱ་གཞུང་གི་ཤུགས་རྐྱེན་ཐའེ་ཝན་ནང་སླེབས་རྒྱུ་མང་དྲགས་པ། རྒྱ་གཞུང་ལ་བསྟུན་མཁས་བྱེད་རྒྱུ་མང་དྲགས་པར་བརྟེན། ལོ་སྔོན་མའི་འོས་བསྡུའི་ནང་ཐའེ་ཝན་གཞུང་འཛིན་གོ་མིན་ཏང་ཚོགས་པར་ཕམ་ཉེས་ཆེན་པོ་བྱུང་ཡོད་པ་དང། ཐའེ་ཝན་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་མང་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་རེད། དེ་བཞིན་ཐའེ་ཝན་མི་མང་གི་ངོས་ནས་རྒྱ་གཞུང་ལ་ལྟ་སྟངས་ཡག་པོ་མེད་པ་དང། གཙོ་ཆེ་ཤོས་རྒྱ་ནག་གི་ཆབ་སྲིད་གཅིག་སྡུད་དབང་འཛིན་གྱི་ལམ་ལུགས་ཡིན་པས་མི་མང་ལ་རང་དབང་མེད་པ། ཐའེ་ཝན་གྱི་ངོས་ནས་མ་འོངས་པར་ག་འདྲ་ཆགས་མིན་གྱི་མིག་དཔེ་བལྟ་ཡུལ་ཧོང་ཀོང་རྒྱ་གཞུང་གི་འོག་ཏུ་སོང་ནས་མི་ལོ་ཉི་ཤུ་ལ་ཉེ་བའི་སྐབས་འདིར། མང་གཙོ་དང་རང་དབང་གི་ཐོག་ནས་དཀའ་ངལ་ཆེན་པོ་འཕྲད་དེ་ལོ་སྔོན་མ་ཧོང་ཀོང་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་རྒྱུན་རིང་བྱེད་དགོས་བྱུང་བ་སོགས་ཀྱིས་ཐའེ་ཝན་མི་མང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།

རྒྱ་གཞུང་གི་ངོས་ནས་རྒྱ་བསྐྱེད་རིང་ལུགས་ཀྱི་བསམ་བློ་ཁོ་ན་ལ་བརྟེན་ནས་ཐའེ་ཝན་དབང་བསྒྱུར་བྱ་རྒྱུའི་རེ་བ་རྒྱག་བཞིན་ཡོད་པ་དང། ཐའེ་ཝན་ནི་མང་གཙོ་དང་རང་དབང་གི་ལམ་ལུགས་དར་ཁྱབ་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པར་བརྟེན། མི་མང་གི་ངོས་ནས་རང་དབང་མང་གཙོ་མེད་པའི་རྒྱ་ནག་གི་དབང་བསྒྱུར་འོག་འགྲོ་རྒྱུར་འདོད་མོས་བྱེད་དཀའ་བ་གཉིས་གཞི་གཅིག་ཏུ་འདུས་ནས་རྒྱལ་ཁབ་གཅིག་གི་ངོ་བོར་འགྱུར་རྒྱུར་དཀའ་ངལ་ཆེན་པོ་ཞིག་ཡོད་པ་ནི་བཤད་མི་དགོས་པ་རེད། གལ་སྲིད་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་མང་གཙོ་ཅན་དུ་འགྱུར་ཐུབ་པའི་དབང་དུ་བཏང་ན། སྐབས་དེ་དུས་ཐའེ་ཝན་མི་མང་གི་ངོས་ནས་བསམ་བློ་གཞན་པ་གཏོང་མི་སྲིད་པ་མིན་ཡང། རྒྱ་གཞུང་གི་དཔོན་རིགས་ཁག་གི་བསམ་བློའི་ནང་མང་གཙོའི་དྲི་མ་ཙམ་ཡང་མེད་པས། རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་གནས་སྐབས་འགྱུར་བ་ཆེན་པོ་ཞིག་འགྲོ་རྒྱུར་རེ་བ་རྒྱག་རྒྱུའི་གཞི་རྩ་གཏན་ནས་མེད། དེར་བརྟེན་མཚོ་འགག་གཉིས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་ལས་སླ་པོ་ཞིག་ཏུ་གཏན་ནས་གྱུར་མེད།

ད་ལྟའི་ཆར་ཐའེ་ཝན་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་ངོས་ནས་ཕྱིའི་རྣམ་པའི་ཐོག་ནས་རང་བཙན་ཅན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་མིན་གང་ལྟར་ཡང། ཆབ་སྲིད་དང་འཛིན་སྐྱོང། དཔལ་འབྱོར། དམག་དོན་སོགས་ཕྱོགས་གང་ཐད་ནས་རང་བཙན་ཅན་གྱི་རྒྱལ་ཁབ་ཅིག་གི་ངོ་བོར་གནས་ཡོད་པ་དང། དོན་གྱིས་ཨ་རིས་གཙོས་སྟོབས་ཆེན་རྒྱལ་ཁབ་གང་མང་ཞིག་ཀྱང་ཐའེ་ཝན་གྱི་རྒྱབ་ཏུ་ལངས་ཡོད་པས། མ་འོངས་པར་ཐའེ་ཝན་དེ་རྒྱལ་ཁབ་རང་བཙན་གྱི་ངོ་བོར་མུ་མཐུད་གནས་ཐུབ་དང་མི་ཐུབ་ཀྱང་ཐའེ་ཝན་མི་མང་གི་ལག་ཏུ་ཡོད། རྒྱ་ནག་དང་ཐའེ་ཝན་གྱི་གནད་དོན་གཙོ་བོ་མི་རིགས་དང་རིག་གནས་ཀྱི་རྩོད་པ་ཞིག་མ་ཡིན་པར། ལོ་རྒྱུས་ཀྱི་གནད་དོན་དང། གཙོ་ཆེ་ཤོས་དམར་ཤོག་དང་མང་གཙོའི་བར་གྱི་རྩོད་པ། རང་དབང་དང་བཙན་གནོན་བར་གྱི་རྩོད་པ་ཞིག་ཏུ་གྱུར་ཡོད། དེར་བརྟེན་རྒྱ་དམར་གཞུང་གི་ཆབ་སྲིད་ལམ་ལུགས་ལ་འགྱུར་བ་ཆེན་པོ་ཞིག་མ་བཏང་བའི་དབང་དུ་བཏང་ན། ཐའེ་ཝན་མི་མང་གི་ངོས་ནས་རྒྱ་དམར་གཞུང་གི་དབང་བསྒྱུར་འོག་ཏུ་འགྲོ་མི་སྲིད་པ་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།