བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༨༣ ཕྱི་ལོ་ ༢༠༡༩/༡༢ /༢༥
བོད་དོན་ཆབ་སྲིད་ཀྱི་གནས་བབས་ཐོག་ནས་བལྟས་ན་ལོ་འདིར་དགའ་འོས་པའི་གཏམ་བཟང་མང་པོ་ཞིག་གང་ཡང་བྱུང་མེད་པར། ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་སྣེ་མོ་བ་མང་པོ་ཞིག་གིས་དོན་མེད་དགོས་མེད་ཀྱི་རྩོད་རྙོག་ཆུང་ཙག་མང་པོ་ཞིག་གི་སྣེ་ལ་འཐམས་ནས་སྡོད་པ་ལས། བོད་དོན་འཐབ་རྩོད་ཀྱི་ཕྱོགས་ལ་བསམ་བློ་ཕལ་ཆེར་མི་གཏོང་བ་དང་། དེ་ལས་རིག་པ་བརྒྱ་འགྱུར་སྟོང་འགྱུར་གྱིས་ནང་ཁུལ་གྱི་རྩོད་རྙོག་ལ་དོ་སྣང་ཆེ་བ་བྱེད་བཞིན་ཡོད། དེ་ལྟར་བྱེད་བཞིན་པའི་སྣེ་ཁྲིད་པ་དག་ལ་མཚོན་ན་ཆེ་ཆུང་ལ་མ་ལྟོས་པར་དམིགས་ཡུལ་དང་དགོས་མཁོ་ཁེ་ཕན་བཅས་ཅུང་ཙམ་རེ་ཡོད་སྲིད་ནའང་། དེའི་རྗེས་སུ་འབྲངས་ནས་དོན་མེད་ཀྱི་རྩོད་པ་རྒྱག་མཁན་མང་པོ་ཞིག་གིས་རྩོད་གཞི་དང་རྩོད་པའི་རྒྱབ་ལྗོངས་ངོ་མ་གང་ཡིན་ཙམ་ཡང་ཁ་གསལ་པོ་མི་ཤེས་མཁན་མང་པོ་ཡོད། ད་དུང་དེ་བས་ཀྱང་སེམས་ཁྲལ་ཆེན་པོ་བྱེད་དགོས་པ་ཞིག་ལ་བློ་གཟུ་བོར་གནས་པའི་མི་མང་པོ་ཞིག རྩོད་རྙོག་གི་ཕྱོགས་གང་སར་མི་ཐེ་ཞིང་། འཐབ་རྩོད་ཀྱི་བསམ་བློའི་ངར་ཤུགས་དེའང་རིམ་བཞིན་བག་ལ་ཞ་བཞིན་ཡོད།
ལྷག་པར་དུ་ཕྱི་ལོ་༢༠༡༩ ལོར་ཕྱི་མིག་ཅིག་བལྟས་ན་འཛམ་གླིང་གི་སྟོབས་ཆེན་རྒྱབ་ཁབ་མང་པོ་ཞིག་གི་ཆབ་སྲིད་ཀྱི་སྲིད་བྱུས་དང་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ་དང་། ཧོང་ཀོང་གི་གནད་དོན་དང་། ཤར་ཏུར་ཀི་སི་ཐན་གྱི་གནད་དོན་གཉིས་ནི་རྒྱ་ནག་ལ་མཚོན་ན་རྒྱལ་སྤྱིའི་ཐོག་ནས་ཤུགས་རྐྱེན་ཆེ་ཤོས་ཀྱི་ལྡོག་ཕྱོགས་ཀྱི་ལག་ཆ་ཞིག་དང་། རྒྱལ་སྤྱིའི་ཐོག་ནས་དོ་སྣང་ཆེ་ཤོས་དང་རྒྱབ་སྐྱོར་ཆེ་ཤོས་བྱེད་ཡུལ་གྱི་གནད་དོན་ཞིག་ཏུ་གྱུར་ཡོད། དེ་སྔོན་བོད་ཀྱི་གནད་དོན་ཡང་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཆེན་པོ་བྱེད་ཡུལ་གྱི་གནད་དོན་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་དང་། དེང་སྐབས་བོད་དོན་ཐད་གྲག་འགུལ་ཅུང་དཀོན་དུ་སོང་ཡོད་ཀྱང་། ཨ་རིའི་གྲོས་ཚོགས་ནས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་“༢༠༡༩ ལོའི་བོད་དོན་རྒྱབ་སྐྱོར་དང་སྲིད་བྱུས་ཀྱི་ཁྲིམས”(Tibetan Policy and Support Act 2019)ཞིག་འགྲོ་བཞིན་ཡོད། འོན་ཀྱང་བོད་པ་མང་ཆེ་ཤོས་ཀྱིས་དེ་ལ་དོ་སྣང་ཆེན་པོ་བྱེད་ཐུབ་ཀྱི་མེད་པར་ནང་ཁུལ་གྱི་རྩོད་རྙོག་ཆུང་ཙག་ཙམ་ལ་མགོ་འཁོར་ནས་བསྡད་ཡོད།
ལོ་འདིར་རྒྱལ་སྤྱིའི་ཁྱོན་འདིར་འགྱུར་ལྡོག་ཆེན་པོ་མང་པོ་ཞིག་འགྲོ་བཞིན་ཡོད་པ་དང་། དཔེར་ན་བཙན་བྱོལ་བོད་མི་མང་ཆེ་བ་གནས་སྡོད་བྱེད་ཡུལ་རྒྱ་གར་ལ་མཚོན་ན། འཇའ་མུ་དང་ཀ་ཤི་སྨིར་གྱི་རང་སྐྱོང་གནས་བབས་ཁྲིམས་ཐོག་ནས་ཕྱིར་བསྡུ་བྱས་པ་དང་། ཉེ་ཆར་མི་སེར་གྱི་ཁྲིམས་ཡིག་ལ་བསྐྱར་བཅོས་བྱས་པ་སོགས་ལ་བརྟེན་རྩོད་རྙོག་མང་པོ་ཞིག་འགྲོ་བཞིན་ཡོད་ལ། ད་ལྟའི་ཆར་རྒྱ་གར་མི་མང་ཚོགས་པ་(BJP)རྒྱ་གར་ནང་དབང་ཤུགས་ཧ་ཅང་ཆེ་བས། བསམ་ཚུལ་མི་མཐུན་པ་མང་པོ་ཞིག་ཁྲིམས་ལུགས་བསྐྱར་བཅོས་ཀྱི་ཐོག་ནས་ཐག་གཅོད་བྱེད་སྲིད་པའི་གནས་བབས་ཤིག་ཡོད། གནད་དོན་དེ་ཡག་སྡུག་ག་རེ་ཡིན་མིན་བཤད་དགོས་དོན་མེད་ཀྱང་། རྒྱ་གར་ལ་མཚོན་ན་འདི་ནི་ཧ་ཅང་འགྱུར་བ་ཆེན་པོ་ཞིག་ཏུ་གྱུར་ཡོད། ད་དུང་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོར་ཐུག་གྲབས་ཡོད་པ་དང་། ད་ལྟ་སྲིད་འཛིན་ལས་ཐོག་ཌོ་ནལ་ཁྲོམ་ལ་ཉེས་འཛུགས་བྱེད་བཞིན་པ། ཨ་རི་དང་རྒྱ་ནག་གི་ཚོང་དམག་སོགས་ནི་༢༠༡༩ ལོར་རྒྱལ་སྤྱིའི་ཁྱོན་དུ་ཤུགས་རྐྱེན་ཆེ་ཤོས་ཀྱི་འགྱུར་ལྡོག་འབའ་ཞིག་རེད།
འགྱུར་ལྡོག་འདི་དག་བོད་པ་དང་འབྲེལ་བ་ཡོད་པ་འབའ་ཞིག་ཡིན་པས་ཟུར་འདོན་བྱས་པ་ལས། རྒྱལ་སྤྱིའི་ཁྱོན་འདིར་གནས་ཚུལ་དང་འགྱུར་ལྡོག་གཞན་མེད་པའང་མ་རེད། ཕྱི་ལོ་༢༠༡༩ ལོ་འདི་ལྟར་འདས་ཀྱང་། ཕྱི་ལོ་༢༠༢༠ ལའང་རྩོད་རྙོག་འདི་དག་མུ་མཐུད་དུ་གནས་ངེས་ཡིན་པས། བོད་དོན་འཐབ་རྩོད་ཀྱི་ཐོག་ལ་ཁོར་ཡུག་དང་གོ་སྐབས་གསར་པ་འཚོལ་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། མ་འོངས་པར་བོད་པའི་འཐབ་རྩོད་ཀྱི་ངོ་བོ་ཡང་རྒྱ་ནག་ནང་ཁུལ་གྱི་འགལ་ཟླ་ཙམ་དུ་ངོས་འཛིན་མི་བྱེད་ཀ་མེད་ཀྱི་ཆབ་སྲིད་ཀྱི་སྲིད་བྱུས་དང་། ལངས་ཕྱོགས་ཤིག་བཟུང་ནས་བསྡད་ན་མ་འོངས་ང་ཚོར་འཐོབ་དཀའ་བའི་གོ་སྐབས་མང་པོ་ཞིག་ཡོང་བའི་དབང་དུ་བཏང་ནའང་། གོ་སྐབས་དེ་ངོས་འཛིན་མ་ཐུབ་པར་ཆུད་ཟོས་སུ་འགྲོ་རྒྱུ་ཉག་གཅིག་ཏུ་གྱུར་ཡོད། དེར་བརྟེན་ང་ཚོའི་སྲིད་བྱུས་ལངས་ཕྱོགས་དང་རྒྱ་དམར་དྲག་པོའི་གཞུང་ལ་ཡིད་ཆེས་བྱེད་སྟངས་སོགས་ཀྱང་། ཚད་ཡོད་པ་ཞིག་བྱེད་མ་ཐུབ་ན་མ་འོངས་པའི་བུ་རབས་ཚ་བརྒྱུད་རྣམས་ཀྱིས་ང་ཚོའི་མི་རབས་འདི་ལ་ཁ་རྡུང་གཏོང་རྒྱུ་ཉག་གཅིག་རེད།
མདོར་ན་བཙན་བྱོལ་བོད་མི་རང་གཞན་རོགས་གསུམ་ཚང་མས་གཞན་ལ་མཛུབ་མོ་བཙུགས་ནས་སྐྱོན་བརྗོད་བྱེད་རྒྱུ་ཁོ་ན་ལས། རང་ཉིད་ལ་མཛུབ་མོ་འཛུགས་མཁན་ཞིག་ཕལ་ཆེར་བྱུང་མྱོང་མེད་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་པས། རྩ་དོན་ཆེད་ལས་དོན་བྱེད་ཕྱོགས་དང་། འགན་ཁུར་སྟངས་སོགས་ཀྱི་ཆེད་རང་གིས་རང་ལ་མཛུབ་མོ་བཙུགས་ནས་ཞུ་དག་བྱེད་མཁན་མེད་པ་ནི། བཙན་བྱོལ་སྤྱི་ཚོགས་ཡར་རྒྱས་མི་འགྲོ་བའི་གཞི་རྩ་གཙོ་བོར་གྱུར་ཡོད་པ་རེད། ད་ལྟའི་ཆར་༧གོང་ས་མཆོག་ཞལ་བཞུགས་ཡོད་པ་དང་། རྒྱལ་སྤྱིའི་ཁྱོན་དུ་རྒྱ་ནག་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་འགྲོ་བཞིན་པ་མ་ཟད། རྒྱ་དམར་གཞུང་ལ་ཁ་གཏད་ཀྱི་སྲིད་བྱུས་དེ་སྟོབས་ཆེན་རྒྱལ་ཁབ་མང་པོ་ཞིག་གིས་མགོ་འཛུགས་བཞིན་ཡོད་པ་རེད། སྤྱིར་ཆབ་སྲིད་ཀྱི་འགལ་འབྲེལ་ནི་རྟག་བརྟན་ཞིག་མིན་ནའང་། རང་ཉིད་ལ་ཡོད་པའི་གོ་སྐབས་དེ་དམ་འཛིན་མ་ཐུབ་པར་བོད་པ་ནང་ཕན་ཚུན་ལས་ཀྱང་ཁ་གཏད་ཀྱི་དགྲ་བོ་ལ་ཡིད་ཆེས་ཆེ་བ་བྱས་བསྡད་པ་ལྟ་བུར་གྱུར་སོང་ན་མ་འོངས་པར་གྲུབ་འབྲས་བཟང་པོ་ཞིག་འཐོབ་མི་སྲིད་པར་མངོན།།