མཛོ་མོ་བཤའ་བ་ལས་འོ་མ་འཇོ་རྒྱུ་མིན།

༧གོང་ས་མཆོག་གིས་དབུས་བོད་མི་མང་པོ་ཞིག་བཙན་བྱོལ་དུ་འབྱོར་ནས་མི་ལོ་དྲུག་ཅུ་འདས་པ་དང། རྒྱ་གར་གཞུང་གིས་གཙོས་སྲིད་གཞུང་ཁག་གི་རོགས་རམ་དང། མི་མང་གིས་ལམ་བཟོ་དང་ས་རྒོད་བཏུལ་ནས་ས་ཞིང་བཏབ་པ་སོགས་དཀའ་ལས་མང་པོ་བརྒྱབ་ནས་དེང་སྐབས་བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་དཔལ་འབྱོར་ཡར་རྒྱས་རྒྱ་ཆེན་པོ་མེད་ཀྱང། ཕྱོགས་གང་ཐད་ནས་དཔལ་འབྱོར་གྱི་གནས་སྟངས་འགྲིག་ཙམ་ཡོད།

ཆེད་བརྗོད།

༧གོང་ས་མཆོག་གིས་དབུས་བོད་མི་མང་པོ་ཞིག་བཙན་བྱོལ་དུ་འབྱོར་ནས་མི་ལོ་དྲུག་ཅུ་འདས་པ་དང། རྒྱ་གར་གཞུང་གིས་གཙོས་སྲིད་གཞུང་ཁག་གི་རོགས་རམ་དང། མི་མང་གིས་ལམ་བཟོ་དང་ས་རྒོད་བཏུལ་ནས་ས་ཞིང་བཏབ་པ་སོགས་དཀའ་ལས་མང་པོ་བརྒྱབ་ནས་དེང་སྐབས་བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་དཔལ་འབྱོར་ཡར་རྒྱས་རྒྱ་ཆེན་པོ་མེད་ཀྱང། ཕྱོགས་གང་ཐད་ནས་དཔལ་འབྱོར་གྱི་གནས་སྟངས་འགྲིག་ཙམ་ཡོད། ད་ཆ་ཕྱིའི་རྒྱལ་ཁབ་ཏུ་བསྐྱོད་མཁན་མང་པོ་ཡོད་པ་དང། དེ་ལ་བརྟེན་ནས་དཔལ་འབྱོར་ཡར་རྒྱས་ལ་ཕན་ཐོགས་ཆེན་པོ་ཡོད། ཚོང་ལས་ལ་བརྟེན་ནས་འཚོ་ཐབས་གཉེར་མཁན་ཡོད་པ་དང། ལོ་གཞོན་མང་པོ་ཞིག་གིས་ཀྱང་ཚོང་ལས་གྱི་ཐོག་ལ་ནུས་ཤུགས་འདོན་རྒྱུའི་འདུན་པ་ཡོད་ཀྱང། ཚོང་ལས་ཀྱི་རྣམ་གྲངས་མང་པོ་མེད་པར་མི་གཅིག་གིས་ཚོང་གསར་པ་ཞིག་ལམ་ལྷོང་བྱུང་བ་མཐོང་ན་གཞན་དག་གིས་ཀྱང་དེའི་ལད་མོ་ཁོ་ན་བྱ་རྒྱུའི་གོམས་གཤིས་ཡོད་པས། ཁྲོམ་ར་དང་མདུན་ལམ་གང་ཐད་ནས་ཡར་རྒྱས་ཚད་བཀག་ཆེན་པོར་གྱུར་ཡོད།

དེང་སྐབས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དུས་ཡུན་ཐུང་ངུའི་ནང་དཀའ་ལས་མེད་པར་གྲུབ་འབྲས་ཆེན་པོ་ཐོན་དགོས་པའི་རེ་བ་རྒྱག་མཁན་མང་པོ་ཡོད་པ་དང། རེ་བ་དེ་ནི་ཐོན་ཧ་ཅང་དཀའ་བས་སེམས་ཤུགས་ཆག་མཁན་ཡང་མང་པོ་ཡོད། བཙན་བྱོལ་ནང་སྐྱེས་འཚར་བྱུང་བའི་ན་གཞོན་མང་པོ་ཞིག་དགུན་དུས་བལ་སླས་སྟོད་གོས་སོགས་རྒྱ་གར་གྱི་ས་གནས་གང་སར་ཉོ་ཚོང་བྱ་རྒྱུར་འབད་བརྩོན་བྱེད་མཁན་མང་པོ་ཡོད་པ་དང། དུས་ཡུན་ཟླ་བ་གསུམ་བཞི་ཙམ་དཀའ་ངལ་ལ་གདོང་ལེན་བྱེད་མཁན་མང་པོ་ཡོད། འདི་ནི་བཙན་བྱོལ་བོད་མིའི་འཚོ་ཐབས་གཙོ་གྲས་སུ་གྱུར་ཡོད་ཀྱང། མ་འོངས་པར་རེ་བ་ཆེན་པོ་མེད་པར་མངོན། རྒྱ་གར་ལྷོ་ཕྱོགས་ཀྱིས་གཙོས་ས་གནས་ཁག་ཅིག་ཏུ་ས་ཆ་རྒྱ་ཆེན་པོ་ཡོད་ཀྱང། ས་ཞིང་འདེབས་ལས་དང་དེ་ལ་བརྟེན་ནས་གྲུབ་འབྲས་ཐོན་མཁན་ཧ་ཅང་ཉུང་ངུ་ཙམ་ལས་མེད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་མཁན་བོད་མི་མང་པོ་ཞིག་གིས་དཀའ་ལས་བརྒྱབ་པར་རྒྱ་བལ་འབྲུག་གསུམ་དུ་ཡོད་མཁན་རྣམས་དེ་ལ་བརྟེན་ནས་སྡོད་མཁན་ཡང་མང་པོ་ཡོད།

བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་ཡིན་སྐབས་བོད་གཞུང་གི་དཔལ་འབྱོར་སྲིད་བྱུས་ནི། འདོད་པ་བསོད་སྙོམས་ཀྱི་མཐའ་དང། ངལ་ཞིང་དུབ་པའི་མཐའ་གཉིས་ལ་མ་ལྷུང་པ་ཞིག་དགོས་པའི་དགོངས་པ་བཞེས་ཡོད། དེ་ནི་སྟོན་པ་བཅོམ་ལྡན་འདས་ཞལ་བཞུགས་སྐབས་དགེ་སློང་དག་གི་ཀུན་སྤྱོད་ཀྱི་ཚད་ཐིག་ཡིན་པ་དང། དེའི་སྐོར་ལ་ཟས་དང། གོས། གནས་མལ་བཅས་རེ་རེ་དང་སྦྱར་ནས་མཐའ་གཉིས་ལ་མ་ལྷུང་པའི་ཚད་གཞི་ཡོད་ལ། ཟས་བསོད་སྙོམས་ཙམ་ལས་རྒྱས་སྤྲོས་མེད་པ་དང། གོས་ཕྱགས་དར་ཁྲོད་ནས་རྙེད་ཐུབ་པ་ལྟ་བུ་སོགས་མང་ཡང་འདིར་མ་སྤྲོས། སྐབས་དེར་བཀའ་བློན་ཁྲི་པས་སྤྱི་ཚོགས་ཚང་མ་དེ་ལྟ་བུའི་ལམ་ཞིག་ཏུ་འཁྲིད་འདོད་ཡིན་གྱི་མ་རེད་དེ། འདོད་པ་ཆུང་ཞིང་ཆོག་ཤེས་ཆེ་བའི་སྤྱི་ཚོགས་ཤིག་ཏུ་བསྒྱུར་རྒྱུའི་ཐུགས་རེ་ཡོད་པ་ནི་མངོན་གསལ་རེད། དོན་དངོས་སུ་ད་ཆ་མི་སྐྱ་དཀྱུས་མ་ཕར་ཞོག སངས་རྒྱས་ཀྱི་རྗེས་འཇུག་དགེ་སྦྱོང་ཞིག་གིས་ཀྱང་གནང་ཁག་པོར་གྱུར་ཡོད་པས། ཐུགས་རེ་བཟང་པོ་ཡིན་སྲིད་ཀྱང་ཡོང་ཐབས་གཏན་ནས་མེད།

བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་ཁྱབ་ཁོངས་འོག་བཟོ་ཚོང་ཁག་གང་མང་ཞིག་ཡོད་པ་དེ་དག་ཚང་མ་མི་སྒེར་ལ་ཚོང་བསྒྱུར་གནང་ཡོད་པ་དང། དེ་ཡང་ཡུལ་དུས་གནས་བབས་ལ་དཔག་པའི་ཐོག་ནས་སྐབས་དེ་དུས་ཀྱང་ཧ་ཅང་གོང་ཁེ་པོའི་ཐོག་ནས་ཚོང་བསྒྱུར་གནང་ཡོད། ད་དུང་བཟོ་ཚོང་ཁང་དེ་དག་ཏུ་ལས་ཀ་བྱེད་མཁན་ཞིག་གིས་བཟོ་ཚོང་ཁང་དེ་ཉོས་ན་རིན་གོང་ཐོག་ནས་གོང་ཁེ་པོ་བྱ་རྒྱུའི་སྲིད་བྱུས་བཟུང་བ་བཞིན། བཟོ་ཚོང་ཁང་རེ་ཟུང་གི་ལས་བྱེད་པའི་མིང་གཡར་ནས་བཙན་བྱོལ་ནང་གི་ཆེ་རྒུ་གཉན་བཅུའི་མིང་ཁུར་མཁན་རེ་ཟུང་གིས་གོ་སྐབས་ཆེན་པོ་བླངས་ཡོད་པ་དང། དཔལ་འབྱོར་སྒེར་བདག་ཅན་དུ་བསྒྱུར་བའི་ཁེ་གྱོང་གནས་སྟངས་སྐོར་གྱི་རྩིས་ཞིབ་སྙན་ཐོ་སྐད་གྲགས་ཅན་ཞིག་ཡོད་ཚུལ་ཐོས་རྒྱུ་ཡོད་པ་ལས། སྤྱི་འཐུས་ལྷན་ཚོགས་དང། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་ལའང་མིག་སྟོན་གནང་མྱོང་གཏན་ནས་མེད་པའི་གནས་ཚུལ་གོ་རྒྱུ་ཡོད། གང་ལྟར་སྐབས་དེ་དུས་དཔལ་འབྱོར་གྱི་ཐོག་ནས་’མཛོ་མོ་བཤའ་བ་ལས་འོ་མ་འཇོ་རྒྱུ་མིན་’པའི་ཐག་གཅོད་གནང་ཡོད།

མདོར་ན་བོད་མིའི་སྒྲིག་འཛུགས་ཀྱིས་ཚོང་ལས་གཉེར་མི་འོས་པའི་ལྟ་ཚུལ་འཛིན་མཁན་ལ། བསམ་བློ་དེའི་འབྱུང་ཁུངས་ནི་གོང་དུ་བཤད་པ་བཞིན། སློང་རྒྱག་པ་ལས་ཚོང་ལས་གཉེར་མི་འོས་པའི་ལྟ་ཚུལ་དེར་ཐུག་ཡོད། ད་ལྟའི་བཀའ་ཤག་གི་ལངས་ཕྱོགས་ཀྱང་འདི་ཁོ་ན་ཡིན་འདུག ལག་ལེན་ཐོག་གཞུང་གིས་ཚོང་ལས་གཉེར་ན་ལས་བྱེད་རྣམས་ཀྱིས་གཞུང་དོན་ཆེད་འགན་མི་ཁུར་བར་རང་དོན་ཁོ་ན་གཉེར་རྒྱུའི་དོགས་པ་ཡོད་པ་མ་ཟད། ལོ་རྒྱུས་ནང་དེ་ལྟ་བུའི་གནས་ཚུལ་མང་པོ་བྱུང་མྱོང་བས་ཀྱང་རེད། འཛམ་གླིང་འདིའི་ཐོག་ཇེའུ་མི་རིགས་ལོ་ཉིས་སྟོང་ལྷག་བཙན་བྱོལ་དུ་གནས་དགོས་བྱུང་ཡང། རང་མི་རིགས་ཀྱི་སྐད་ཡིག་རིག་གནས་དང་བཅས་གནས་ཐུབ་པ་དེ་གཙོ་བོ་ཚོང་ལས་ལ་བརྟེན་ནས་དཔལ་འབྱོར་མཁོ་སྒྲུབ་བྱེད་ཐུབ་པ་དང། དཔལ་འབྱོར་དེ་ཡང་རང་མི་རིགས་དང་སྐད་ཡིག་ཆེད་གཏོང་ཐུབ་པ་ལ་བརྟེན་ནས་བྱུང་ཡོད་པས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་སློང་རྒྱག་རྒྱུ་བླང་བྱ་དང། ཚོང་ལས་གཉེར་རྒྱུ་སྤང་བྱ་ཁོ་ན་རུ་འཛིན་མི་འོས་པར་ལེགས་བཅོས་དང་མདུན་བསྐྱོད་བྱེད་དགོས་པར་མཐོང།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།