མཱ་ནི་པུར་གཙུག་ལག་སློབ་ཁང་དང་སྨན་རྩིས་ཁང་བར་མོས་མཐུན་གན་རྒྱ་བཞག་གནང་སོང་།

བོད་ཀྱི་སྨན་རྩིས་ཁང་དང་རྒྱ་གར་བྱང་ཤར་མངའ་སྡེ་མཱ་ནི་པུར་ནང་དུ་ཡོད་པའི་མཱ་ནི་པུར་རྒྱལ་སྤྱིའི་གཙུག་ལག་སློབ་ཁང་གཉིས་བར་མཉམ་ལས་ཀྱི་མོས་མཐུན་གན་རྒྱ་ཞིག་བཞག་སོང་བ་དང་། ད་བར་འདས་པའི་ལོ་ངོ་༦༠ ལྷག་གི་ནང་མཉམ་ལས་ཀྱི་འཆར་གཞི་དེ་འདྲ་ཆེན་པོ་བྱུང་མེད་འདུག་པས། མོས་མཐུན་གྱི་གན་རྒྱ་བཞག་པ་དེ་ནི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་ཡིན་སྐོར་གསུངས་སོང་།

ཟླ་༢ པའི་ཚེས་༡༢ ཉིན་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ། སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་དང་། མཱ་ནི་པུར་རྒྱལ་སྤྱིའི་གཙུག་ལག་སློབ་ཁང་(Manipur International University)གི་རིགས་བདག་ཧཱ་རི་ཀུ་མར་པཱ་ལ་ཐཌཀ་(Dr. Harikumar Pallathadka)གཉིས་ཀྱིས་ཕྱོགས་གཉིས་བར་མཉམ་ལས་ཀྱི་མོས་མཐུན་གན་རྒྱར་མཚན་རྟགས་བཀོད་གནང་སོང་།

དེ་ཡང་གན་རྒྱ་དེའི་ནང་མཱ་ནི་པུར་རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་དུ། གསོ་བ་རིག་པའི་སྡེ་ཚན་ཞིག་གསར་འཛུགས་བྱེད་རྒྱུ་ཡིན་པ་དང་། དེའི་ཆེད་དུ་གཙུག་ལག་སློབ་ཁང་དེས་བོད་ཀྱི་སྨན་རྩིས་ཁང་ལ་ས་ཆ་ཨེ་ཀར་༢༥༠༠ ཞལ་འདེབས་སྤྲད་རྒྱུ་དང་འཛུགས་སྐྲུན་གྱི་འགྲོ་སོང་ཆ་ཚང་གཏོང་རྒྱུ། སྨན་རྩིས་ཁང་ནས་མི་བྱ་གང་དགོས་གཏོང་རྒྱུ་དང་། གཙུག་ལག་སློབ་ཁང་གི་ལས་བྱེད་ལ་སྦྱོང་བརྡར་སྤྲོད་རྒྱུ་སོགས་ཀྱི་མོས་མཐུན་བྱུང་ཡོད་པ་རེད་འདུག

ཁོང་རྣམ་པ་གཉིས་ཀྱིས་གཞི་རྒྱ་ཆེ་བའི་ལས་འཆར་དེ་ནི་༧གོང་ས་མཆོག་དེ་སྔོན་ཕྱི་ལོ་༢༠༡༧ ལོར་མངའ་སྡེ་དེར་ཆིབས་བསྒྱུར་བསྐྱངས་བའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་སྐོར་ནན་བརྗོད་གནང་སོང་།

དེ་ཡང་གསོ་བ་རིག་པའི་སྡེ་ཚན་གྱི་འཛུགས་སྐྲུན་གྱི་ལས་གཞི་ལོ་ཤས་འགོར་རྒྱུ་ཡིན་པ་དང་། འདི་ལོའི་ཟླ་༣ པའི་ཚེས་༡ ཉིན་མཱ་ནི་པུར་མངའ་སྡེའི་རྒྱལ་ས་ཨིམ་པཱལ་དུ་ཡོད་པའི་མཱ་ནི་པུར་རྒྱལ་སྤྱིའི་གཙུག་ལག་སློབ་ཁང་གི་ལྟེ་གནས་སུ། སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཞིག་སྒོ་འབྱེད་བྱེད་རྒྱུ་ཡིན་འདུག

མཱ་ནི་པུར་རྒྱལ་སྤྱིའི་གཙུག་ལག་སློབ་ཁང་གི་རིགས་བདག་ཧཱ་རི་ཀུ་མར་པཱ་ལ་ཐཌཀ་ཡིས། གསོ་བ་རིག་པ་དེ་ནི་རིན་ཐང་བྲལ་བ་ཡིན་པས། སྲུང་སྐྱོབ་དང་སླར་གསོ། དར་ཁྱབ་གཏོང་རྒྱུ་གལ་ཆེན་ཆགས་ཡོད་པས། གཙུག་ལག་སློབ་ཁང་དེར་བོད་ཀྱི་སྨན་རྩིས་ཁང་དང་མཉམ་ལས་ཐོག་གསོ་རིག་གི་སྡེ་ཚན་གསར་འཛུགས་བྱེད་རྒྱུ་ཡིན་པ་དེར་དགའ་སྤོབས་ཆེན་པོ་ཡོད་པ་དང་། འཛུགས་སྐྲུན་ཆེད་དུ་ས་ཆ་རྒྱ་ཁྱོན་ཨེ་ཀར་༢༥༠༠ ལས་མང་བ་དགོས་མཁོ་བྱུང་ཚེ་དགའ་པོའི་ངང་ནས་མཐུན་སྦྱོར་བྱེད་རྒྱུ་ཡིན་སྐོར་གསུངས་སོང་།

བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་གིས། ཆབ་སྲིད་ཀྱི་དགོས་དབང་ལ་གཞིགས་ནས་གསོ་བ་རིག་པ་ཞེས་པའི་ཐ་སྙད་དེ་བེད་སྤྱོད་བྱེད་དགོས་ཀྱི་ཡོད་ཀྱང་། གསར་འགྱུར་བརྒྱུད་ལམ་ཁག་མང་པོ་ཞིག་གིས་བོད་སྨན་ཞེས་འབོད་ཀྱི་ཡོད་པ་དེ་ཡང་དེའི་བདག་དབང་བོད་མིར་ཡོད་པ་གསལ་པོ་ཡིན་པ། བོད་ཀྱི་སྨན་རྩིས་ཁང་ལ་རྒྱ་གར་ནང་ནས་ཙམ་མ་ཟད། རྒྱལ་སྤྱིའི་རྒྱལ་ཁབ་ཁག་ནས་ཀྱང་མཉམ་ལས་ཀྱི་ལས་འཆར་སྤྲོད་མཁན་མང་པོ་བྱུང་ཡོད་ཀྱང་། རྒྱལ་སྤྱིའི་རྒྱལ་ཁབ་ཁག་ཅིག་ནང་ཆབ་སྲིད་ཀྱི་དཀའ་ངལ་ལ་བརྟེན་ནས་ལས་འཆར་རྣམས་ལག་བསྟར་བྱེད་ཐུབ་ཀྱི་མེད་པ། ཐེངས་འདིར་མཱ་ནི་པུར་གཙུག་ལག་སློབ་ཁང་དང་བཞག་པའི་མཉམ་ལས་ཀྱི་གན་རྒྱ་དེ་འདྲ་ཞིག་འདས་པའི་ལོ་ངོ་༦༠ ཡི་ནང་ཐེངས་དང་པོ་བྱུང་ཡོད་པ། ད་ལྟའི་ཆར་རྒྱ་གར་དབུས་གཞུང་དང་མངའ་སྡེ་ཁག་ཅིག་གི་གཞུང་དང་མཉམ་དུ། ལས་འཆར་ཆེད་དུ་མཉམ་ལས་བྱེད་བཞིན་པ་དང་བྱེད་འཆར་ཡོད་སྐོར་གསུངས་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།