མི་གཉིས་འཁྲུག་རྩོད་བྱུང་སྐབས་སྤྱི་ཚོགས་གཉིས་ཀྱི་དབར་ལ་ངོས་འཛིན་བྱེད་མི་རུང་།
“སྤྱི་ཚོགས་གཉིས་འཆམ་མཐུན་ཡོང་བར་ཕྱོགས་གཉིས་ཀྱི་མི་རིགས་དབར་འབྲེལ་བ་བཟང་པོ་དགོས་པས། བོད་པ་རེ་ལ་རྒྱ་གར་བ་གྲོགས་པོ་བཅུ་རེ་དང་རྒྱ་གར་བ་རེ་ལ་བོད་པ་གྲོགས་པོ་བཅུ་རེ་ཡོད་པ་ལྟ་བུ་དང། ཕྱོགས་གཉིས་ཀྱི་ཆང་སའི་མཛད་སྒོ་ལྟ་བུ་ལ་མགྲོན་འབོད་བྱེད་རེས་བྱེད་རྒྱུ་སོགས་གལ་ཆེན་པོ་རེད།”ཅེས་དྷ་ས་མེག་གྷན་ཉེན་རྟོག་ཁང་གི་མགོ་དཔོན་སུ་རེན་ཌེར་ཊ་ཀུར་གྱིས་གསུངས་སོང།
“སྤྱི་ཚོགས་གཉིས་འཆམ་མཐུན་ཡོང་བར་ཕྱོགས་གཉིས་ཀྱི་མི་རིགས་དབར་འབྲེལ་བ་བཟང་པོ་དགོས་པས། བོད་པ་རེ་ལ་རྒྱ་གར་བ་གྲོགས་པོ་བཅུ་རེ་དང་རྒྱ་གར་བ་རེ་ལ་བོད་པ་གྲོགས་པོ་བཅུ་རེ་ཡོད་པ་ལྟ་བུ་དང། ཕྱོགས་གཉིས་ཀྱི་ཆང་སའི་མཛད་སྒོ་ལྟ་བུ་ལ་མགྲོན་འབོད་བྱེད་རེས་བྱེད་རྒྱུ་སོགས་གལ་ཆེན་པོ་རེད།”ཅེས་དྷ་ས་མེག་གྷན་ཉེན་རྟོག་ཁང་གི་མགོ་དཔོན་སུ་རེན་ཌེར་ཊ་ཀུར་གྱིས་གསུངས་སོང།
ཟླ་འདིའི་ཚེས་༣༠ ཉིན་དྷ་ས་མེག་གྷན་ཡུལ་སྐོར་སྤྲོ་འཆམ་ཚོགས་ཁང་དུ། བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་གོ་སྒྲོག་འོག མཉམ་གནས་དང་འཕེལ་རྒྱས་ཞེས་པའི་བརྗོད་གཞིའི་ཐོག དྷ་སའི་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང། དྷ་སའི་ཉེ་འཁོར་དུ་ཆགས་པའི་རྒྱ་གར་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ཧིན་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཚབ། མེག་གྷན་ས་གནས་ཉེན་རྟོག་ཁང་གི་མགོ་དཔོན་སོགས་ཁྱོན་མི་གྲངས་༣༤ ལྷག་མཉམ་མཛོམས་བྱས་ཏེ། དྷ་སར་བོད་པ་དང་རྒྱ་གར་བའི་སྤྱི་ཚོགས་གཉིས་བར་འཆམ་མཐུན་ངང་མཉམ་གནས་དང། ཁོར་ཡུག་སྲུང་སྐྱོབ་སྐོར་གྲོས་བསྡུར་བྱས་སོང།
རྩོད་རྙོད་འདུམ་སྒྲིག་ལྟེ་གནས་ཁང་གི་འགན་འཛིན་ལས་རོགས་བསོ་ནམས་བདེ་ཆེན་གྱིས། གྲོས་བསྡུར་དེའི་སྟེང་སྤྱི་ཚོགས་གཉིས་ཀྱི་ནང་དུ་འགོ་ཁྲིད་མང་པོ་ཞིག་མཉམ་ཞུགས་བྱས་ཡོད་པས། སྤྱི་ཚོགས་གང་འདྲ་ཞིག་ཡིན་ནའང་རྩོད་རྙོག་བྱུང་སྲིད་པ་དང། སྡིངས་ཆ་དེའི་བརྒྱུད་ནས་ཕྱོགས་གཉིས་ཀས་བསམ་ཚུལ་བརྗེ་ལེན་སོགས་བྱས་ཏེ། ཞི་བདེའི་མཉམ་གནས་ཡོང་ཐབས་ཆེད་གྲོས་བསྡུར་འདི་གྲ་སྒྲིག་བྱས་པ་ཡིན་སྐོར་འགྲེལ་བརྗོད་བྱས་སོང།
ཐོག་མར་བོད་དང་རྒྱ་གར་བའི་རིག་གཞུང་གཞས་སྣ་འཁྲབ་སྟོན་རེ་བྱས་ཏེ་ཚོགས་འདུ་འགོ་འཛུགས་བྱས་པ་དང་། མཛད་རིམ་ཐོག་ལོ་སྔོན་མར་བཞག་པའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་དང་ལག་ལེན་གང་འདྲ་བསྟར་ཡོད་མེད་སྐོར་གྲོས་བསྡུར་གནང་སོང། དེའི་རྗེས་སུ་དྷ་སར་སྤྱི་ཚོགས་གཉིས་ཀྱི་མིའི་དབར་ལ་བློ་ཕམ་གྱི་གནས་ཚུལ་བྱུང་སྐབས། ཕྱོགས་གཉིས་ཀྱིས་གདོང་ལེན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་སོང། སྐབས་དེར་ཉེ་ཆར་རྒྱ་གར་གཞོན་སྐྱེས་གསུམ་གྱིས་བོད་མི་ཞིག་བསད་པའི་གནས་ཚུལ་དང་འབྲེལ་ནས་ལབ་གླེང་མང་པོ་བྱུང་བ་དང། སྐབས་དེར་ཧིན་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཚབ་སྐུ་ཞབས་པེ་རེམ་ས་གྷར་གྱིས་གནས་ཚུལ་དེ་འདྲ་བ་ཞིག་བྱུང་སྐབས། གནས་ཚུལ་དེ་མི་གཉིས་ཀྱི་དབར་ལ་ཡིན་པ་ངོས་འཛིན་བྱེད་དགོས་པ་ལས། སྤྱི་ཚོགས་གཉིས་ཀྱི་དབར་ལ་ངོས་འཛིན་བྱེད་མི་རུང་བའི་སྐོར་གསུངས་སོང། དེ་བཞིན་སྐབས་དེར་མཉམ་ཞུགས་པ་མང་པོས། གནས་ཚུལ་དེའི་རིགས་བྱུང་སྐབས་དཀྲོག་གཏམ་ལ་ཡིད་ཆས་མི་བྱེད་རྒྱུ་དང་། གནས་ཚུལ་བདེན་པ་དེ་ཁྱབ་སྤེལ་བྱ་དགོས་སྐོར་གསུངས་མཁན་བྱུང་སོང།
མེག་གྷན་ཉེན་རྟོག་ཁང་གི་མགོ་དཔོན་སུ་རན་ཌེར་ཊར་ཀུར་གྱིས་སྤྱི་ཚོགས་གཉིས་འཆམ་མཐུན་ཡོང་བར་ཕྱོགས་གཉིས་ཀྱི་མི་རིགས་དབར་འབྲེལ་བ་བཟང་པོ་དགོས་པས། བོད་པ་རེ་ལ་རྒྱ་གར་བ་གྲོགས་པོ་བཅུ་རེ་དང་རྒྱ་གར་བ་རེ་ལ་བོད་པ་གྲོགས་པོ་བཅུ་རེ་ལྟ་བུ་དང། ཕྱོགས་གཉིས་ཀྱི་ཆང་སའི་མཛད་སྒོ་ལྟ་བུ་ལ་མགྲོན་འབོད་བྱེད་རེས་བྱེད་རྒྱུ་སོགས་གལ་ཆེན་པོ་ཡིན་པ་དང། ས་ཕྱོགས་གང་དུ་སོང་ནའང་ཁུལ་དེའི་ཁྲིམས་ཤེས་དགོས་ཁར་བརྩི་སྲུང་བྱེད་དགོས་པ། ཕ་མ་ཚོས་ཕྲུ་གུར་ཆང་འཐུང་མི་ཉན་པ། མཚོན་ཆ་འཁྱེར་མི་ཉན་པ། དེ་བཞིན་དགོང་མོ་འཕྱི་པོར་ཕྱི་ལ་མི་འཁྱམ་པ་པའི་བསླབ་བྱ་བྱེད་དགོས་པ་སོགས་ཀྱི་སྐོར་གསུངས་སོང།
དེ་བཞིན་དྷ་སའི་ཁོར་ཡུག་སྲུང་སྐྱོབ་དང་གཙང་བཟོས་སྐོར་ལ་གྲོས་བསྡུར་གནང་སོང་བ་དང། ཚོགས་འདུའི་མཐའ་མར་མ་འོངས་པར་གནས་ཚུལ་གང་ཞིག་བྱུང་ཚེ་ཕྱོགས་གཉིས་ཀྱི་འགོ་ཁྲིད་ཚོས་འགན་ཆེན་པོ་ལེན་དགོས་པ། གནས་ཚུལ་དེར་ཁྲིམས་ཐོག་ནས་ཐག་གཅོད་བྱེད་འཇུག་པ། བོད་པའི་སྤྱི་ཚོགས་ནང་དུ་རྒྱ་གར་གྱི་ཁྲིམས་ལུགས་སྐོར་གོ་རྟོགས་སྤེལ་རྒྱུ། ཧིན་བོད་མཛའ་འབྲེལ་ཚོགས་པར་བོད་པ་གང་མང་འཛུལ་ནས་ཕྱོགས་གཉིས་ཀྱི་བསམ་ཚུལ་བརྗེ་ལེན་གནང་རྒྱུ་སོགས་ཀྱི་སྐོར་ལ་གྲོས་ཆོད་བཞག་སོང་།
བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གིས་གྲོས་བསྡུར་དེ་རིགས་ཕྱི་ལོ༢༠༠༩ ནས་ལོ་ལྟར་གོ་སྒྲིག་བྱེད་བཞིན་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།