མི་ཚེ་ཡ་རབས་བཟང་སྤྱོད་གཅིག་གིས་བསྐྱལ་རྒྱུ་བྱུང་ན་ཆོས་དོན་དེར་ཚང་བར་གསུངས། 

དགའ་ལྡན་ཕོ་བྲང་གི་སྐུ་པར།

ཕྱི་ཟླ་༨ ཚེས་༢༣ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སུད་སིར་ཞབས་སོར་འཁོད་དེ། ཚེས་༢༥ ཉིན་སུད་སི་དང་ལེག་ཊེན་སི་ཊ་ཡན་གཉིས་ཀྱི་མི་མང་གཙོས་པའི་ཡོ་རོབ་ཁུལ་གྱི་དད་ལྡན་སེར་སྐྱ་མི་མང་ཚོར་སུད་སི་ཛུ་རིག་གྲོང་ཁྱེར་གྱི་Hallenstadion ཚོགས་ཁང་དུ། སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་བསྡུས་པའི་བཤད་ལུང་དང་མ་ཎིའི་ལྗགས་ལུང་དང་བཀའ་སློབ་བཀྲིན་བསྩལ་ཞིང་། མི་མང་ནས་༧གོང་ས་མཆོག་སྐུ་ཚེ་ཡུན་དུ་བརྟན་པའི་བརྟན་ཞུགས་བསྟར་འབུལ་ཞུས་འདུག སྐབས་དེར་མགོན་པོ་གང་གིས་བོད་གངས་ཅན་པ་ཟེར་བ་དེ་སངས་རྒྱས་པའི་ཆོས་ལ་དད་པ་འགྱུར་བ་མེད་པར་བརྟན་པོ་ཡོད་མཁན་ཞིག་ཆགས་ཡོད་པ་དང་། བོད་རང་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་ནང་པ་སངས་རྒྱས་པའི་ཆོས་ལ་དོ་སྣང་དམིགས་བསལ་ཞིག་བྱས་ཤིང་། ཆོས་དེ་དོ་སྣང་ཡོད་པ་ཙམ་དུ་མ་ཟད་རང་གིས་ཉམས་སུ་བླངས་ཏེ། བོད་མི་ཆུང་ཆུང་སྐབས་ནས་མ་ཎི་དང་སྐྱབས་འགྲོ་སེམས་བསྐྱེད་འདོན་རྒྱུའི་གོམས་གཤིས་ཡོད་པ། ༧གོང་ས་མཆོག་ཁོང་གི་ཡབ་ཡུལ་དུ་སངས་རྒྱས་ཀྱི་ཆོས་ཡོངས་གྲགས་ཟེར་བ་གང་ཡང་མེད་ཀྱང་། སངས་རྒྱས་ཀྱི་ཆོས་ལ་དད་པ་ཆེན་པོ་ཡོད་པ་དང་། དེ་བཞིན་དེང་སང་འཛམ་བུ་གླིང་འདིའི་སྒང་ལ་ཆོས་ཟེར་བ་ཞིག་ཟུར་དུ་དད་པ་བྱེད་རྒྱུ་ཡོད་རུང་མེད་རུང་། སོ་སོའི་ངོས་ནས་སེམས་པ་བཟང་པོ་བྱེད་རྒྱུ་དེ་གལ་ཆེ་བའི་སྐོར་དང་། བོད་མི་ཚོ་བར་སྐབས་དཀའ་ངལ་ཆེན་པོ་བྱུང་བ་དང་། དེང་སང་ཡང་གུང་ཁྲན་རིང་ལུགས་ཀྱིས་དམ་པོ་ཞེ་དྲག་བྱེད་ཀྱི་ཡོད་རུང་། ཆོས་ཀྱི་དད་པ་ལ་འགྱུར་བ་མེད་པར་གསུངས་སོང་།

དགའ་ལྡན་ཕོ་བྲང་གི་སྐུ་པར།


དེ་བཞིན་ང་ཚོའི་ཆོས་ཀྱི་དད་པ་དེ་ཡ་རབས་སྤྱོད་བཟང་དང་འབྲེལ་ཡོང་དུས། གལ་ཏེ་ཆོས་ལ་དད་པ་མེད་ན་ཡང་། ཡ་རབས་སྤྱོད་བཟང་གི་ཉམས་ལེན་ཡག་པོ་བྱེད་དགོས་ཀྱི་འདུག་ཅེས་ང་ཚོས་ཤོད་བཞིན་པ་ལྟར། ཆོས་ཀྱི་སྙིང་པོ་དེ་ཡ་རབས་སྤྱོད་བཟང་ཡིན་པ་དང་། གལ་ཏེ་ཆོས་ཁས་མ་བླངས་ན་ཡང་སོ་སོའི་མི་ཚེ་ཡ་རབས་སྤྱོད་བཟང་གཅིག་གིས་བསྐྱལ་རྒྱུ་བྱུང་ན་ཆོས་དོན་དེར་ཚང་བསྡད་ཡོད་རེད་ཅེས་དང་།  ཁ་ནས་ཆོས་ཞེ་བོ་བཤད། ཆོས་ཕྱོགས་ཀྱི་ཐོག་ནས་གྲུབ་འཐའི་འཐེན་འཁྱེར་བྱེད་རྒྱུ་བཟོ་འདྲ་དང་། ངོ་ཐོག་ནས་སེམས་ཞི་ཞིང་དུལ་བ་དེ་ཡག་པོ་ཞིག་མེད་པ་ཡིན་ན། དེ་ཆོས་འབག་ལ་གོན་པ་ཞིག་ཡིན་པས་ཞེ་དྲག་ཕན་ཐོགས་ཡོད་མ་རེད་ཅེས་གསུངས། གཞན་ཡང་ང་ཚོ་ཚང་མས་ད་ལྟ་བར་དུ་ཡག་པོ་བྱས་པ་རེད་བསྔགས་བརྗོད་གནང་ཞིང་། ད་དུང་ཡང་ཚང་མས་ཧུར་ཐག་བྱེད་དགོས་པའི་བཀའ་གནང་།  

དགའ་ལྡན་ཕོ་བྲང་གི་སྐུ་པར།

གཞན་ཡང་སངས་རྒྱས་པའི་ཆོས་ཟེར་བ་དེ་ལྟ་གྲུབ་དང་འབྲེལ་ནས་འགྲོ་གི་ཡོད་དུས། སློབ་སྦྱོང་གང་འཚམ་ཞིག་བྱེད་དགོས་པ་ཆགས་ཡོད་པ་དང་། སློབ་སྦྱོང་ཡོད་པའི་ཤེས་བྱ་དང་སློབ་སྦྱོང་མེད་པའི་ཤེས་བྱ་གཉིས་ལ་ཁྱད་པར་ཡོད་རེད་ཅེས་དང་།  འགྲེལ་བཤད་རྒྱག་དུས་ཟབ་ལོད་དང་། གཙོ་ཆེ་ཤོས་སེམས་རྒྱུད་འདུལ་རྒྱུ་ལ། ཆོས་ཀྱི་གནད་འགག་ཤེས་པའི་ཐོག་ནས་དད་པ་བྱས་ན་སེམས་རྒྱུད་འདུལ་བ་ལ་ཁྱད་པར་ཆེན་པོ་ཡོད་པ་དང་། མི་རིགས་ཀྱི་ཆ་ནས་བཤད་ཀྱང་ཆོས་དད་དེ་མི་རིགས་ཀྱི་རྣམ་པ་མཚོན་ཐུབ་ཡས་གཅིག ལུང་པའི་གོམས་གཤིས། རིག་གཞུང་ཞེས་ལབ་ཡས་ཡིན་ཡང་། ནང་པའི་ཆོས་ནི་དེའི་སྒྲོམ་གཞི་བྱེད་ཀྱི་ཡོད་རེད། ང་ཚོ་ཚང་མས་བོད་ཀྱི་ཆོས་དང་རིག་གཞུང་ཟེར་དུས་དེ་འདྲའི་གོམས་གཤིས་བཟང་པོ་དེ་ང་ཚོས་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་ཡིན་པ་སོགས་བཀའ་སློབ་བཀའ་དྲིན་བསྩལ་འདུག 

གསར་འགོད་པ། བསྟན་འཛིན་ལམ་བཟང་།

ཁྱེད་ཀྱིས་གཟིགས་མེད་སྲིད།